རྒྱ་ནག་དམར་ཤོག་ཚོཊ་མི་ཡིན་པའི་ས་གནས་བོད་མི་ཞིག་གིས་ཡུལ་ཤུལ་རབ་སྨད་ཕྱོགས་ཀྱི་ཁོར་ཡུག་གཏོར་སྐྱོན་གྱི་གནད་དོན་ཐེར་འདོན་བྱས་འདུག

2024.12.19
རྒྱ་ནག་དམར་ཤོག་ཚོཊ་མི་ཡིན་པའི་ས་གནས་བོད་མི་ཞིག་གིས་ཡུལ་ཤུལ་རབ་སྨད་ཕྱོགས་ཀྱི་ཁོར་ཡུག་གཏོར་སྐྱོན་གྱི་གནད་དོན་ཐེར་འདོན་བྱས་འདུག བློ་བཟང་རྡོ་རྗེ་ཞུ་བས་བརྙན་ལམ་བརྒྱུད་གནས་ཚུལ་ཐེར་འདོན་སྐབས། ༡༢།༡༢།༢༠༢༤
མི་སེར་གྱི་འདྲ་པར།

བོད་ཁམས་ཡུལ་ཤུལ་རབ་སྨད་ཤང་གི་འགག་མ་ས་ཁུལ་དུ་ཆུ་མཛོད་རྒྱག་རྒྱུ་ཡིན་ཚུལ་བཤད་ནས། ཁུལ་དེའི་འབྲོག་ཁུལ་ས་ཕྱོགས་གང་སར་ཨི་ཁུང་ཆེ་ཆུང་ཁྱོན་ ༡༧ ཙམ་བརྐོས་ནས་རྡོ་སོལ་སྔོག་འདོན་བྱས་པའི་གནད་དོན་ཐད་ས་གནས་བོད་མི་ཚོས་རྒྱ་ནག་གཞུང་ལ་ཐེངས་མང་ཞུ་གཏུགས་བྱས་དང་བྱེད་བཞིན་ཡོད་ཀྱང་གྲུབ་འབྲས་མི་ཐོན་པའི་ཁར། ཞུ་གཏུགས་བྱེད་མཁན་གྱི་མི་མང་ཐོག་ལ་དྲག་གནོན་བྱེད་ཀྱི་ཡོད་པའི་སྐོར་ས་གནས་བོད་མི་ཁག་ཅིག་གིས་ཨེ་ཤེ་ཡའི་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།


གནས་ཚུལ་འདིའི་ཐད། ཉེ་ཆར་ཕྱི་ཟླ་ ༡༢ ཚེས་ ༡༢ ཉིན་ཡུལ་ཤུལ་ས་གནས་ཀྱི་ལས་བྱེད་རྒན་ཡོལ་བྱས་ཟིན་པ་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་ཡིན་པ་བློ་བཟང་རྡོ་རྗེ་ཞུ་བ་ཞིག་གིས། མིང་དང་སྡོད་གནས་སོགས་ཞིབ་ཕྲ་བཀོད་པ་དང་ཁོང་རང་གི་ཐོབ་ཐང་ལག་འཁྱེར་ལག་ཏུ་སྟོན་ཞོར་རྒྱ་སྐད་ཐོག་ནས་ཡུལ་ཤུལ་རབ་སྨད་ཤང་དུ་གཏེར་ཁ་སྔོག་འདོན་བྱས་པའི་གནད་དོན་གྱིས་གཙོས་པའི་གནད་དོན་ཁག་གསུམ་ཐེར་འདོན་བྱས་པ་མ་ཟད་། ཞུ་གཏུགས་བྱེད་མཁན་བོད་མི་ཚོར་དྲག་གནོན་གྱི་བྱ་སྤྱོད་ལག་བསྟར་འདྲ་མིན་བྱེད་ཀྱི་ཡོད་པའི་གནས་སྟངས་གསུངས་ཡོད་པ་དང་། ས་གནས་གཞུང་གི་ལས་བྱེད་ཁག་ཅིག་གིས་ཞུ་གཏུགས་བྱེད་མཁན་ནང་དམར་ཤོག་ཚོགས་པའི་ཚོགས་མི་ཡོད་པ་རྣམས་ཚོགས་མི་ནས་ཕྱིར་འབུད་དང་། གཞུང་གི་གོ་གནས་ཡོད་ཚེ་གོ་གནས་ནས་གནས་དབྱུང་བཏང་པ། བཙན་ཤེད་ཀྱིས་ཁས་ལེན་ཡིག་ཆར་ས་རྟགས་བརྒྱབ་བཅུག་པ། ལྟ་སྲུང་དང་དོ་དམ་འོག་བཞག་ཡོད་པ། ལས་བྱེད་པ་དང་ཞུ་གཏུགས་བྱེད་མཁན་ཕན་ཚུན་འཁྲུག་རྩོད་ཤོར་ནས་ཕྱོགས་གཉིས་ཀྱི་མི་རྐྱེན་ལམ་དུ་བཏང་བ་སོགས་ཞུ་གཏུགས་བྱེད་མི་རྣམས་གསར་བརྗེ་ངོ་རྒོལ་བ་དང་འཇིགས་སྐུལ་དྲག་སྤྱོད་ལ་འཇུག་པ་ལྟ་བུའི་ལྟ་སྟངས་འཛིན་གྱི་ཡོད་པའི་གནས་ཚུལ་ཐེར་འདོན་གནང་འདུག
ཡང་གནས་ཚུལ་ངོ་སྤྲོད་གནང་མཁན་བོད་མི་གཅིག་གིས། ཡུལ་ཤུལ་རབ་སྨད་ཤང་གི་རྩི་ཆུའི་ཆུ་རྒྱུད་འགག་མ་ཁྲ་རིའི་ཁུག་ཏུ་རྒྱ་སྒོར་དུང་ཕྱུར་གྱི་འགྲོ་གྲོན་བཏང་སྟེ་ཆུ་མཛོད་རྒྱག་རྒྱུ་ཡིན་པར་ཁ་གཡར་ཏེ་དོན་དངོས་རྡོ་སོལ་གྱི་གཏེར་ཁ་སྔོག་འདོན་བྱས་པའི་རྐྱེན་གྱིས། ས་གནས་ཀྱི་ཁོར་ཡུག་ལ་གནོད་སྐྱོན་དང་། སྤྱི་རྒྱུ་སྒེར་བདག་བྱེད་བཞིན་ཡོད་པའི་གནད་དོན་རྣམས་ས་གནས་རྒྱ་གཞུང་ལ་ཞུ་གཏུགས་བྱེད་བཞིན་ཡོད་ཅེས་གསུངས་བྱུང་ལ། ཡང་བོད་མི་གཞན་ཞིག་གིས་ཡུལ་མི་ཚོས་གནད་དོན་དེའི་ཐད་ས་གནས་རྒྱ་ནག་གཞུང་གི་ཞུ་གཏུགས་ལས་ཁང་གཙོས་པའི་འབྲེལ་ཡོད་ལས་ཁུངས་ཁག་ལ་ཞུ་གཏུགས་རིམ་པ་བྱས་ཀྱང་ད་ལྟའི་བར་གྲུབ་འབྲས་ཐོན་པ་གང་ཡང་བྱུང་མེད་པའི་སྐོར་གསུངས་བྱུང་།
གནད་དོན་འདིའི་སྐོར་ཕ་ཡུལ་ཡུལ་ཤུལ་ནས་ཡིན་པ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས། གནས་ཚུལ་དེ་ཚོ་ནི་དངོས་བདེན་ཡིན་པ་དང་། གནས་སྟངས་དེ་ལྟ་བུ་བོད་ཀྱི་ས་ཕྱོགས་གང་སར་བྱུང་བཞིན་ཡོད་སྟབས་ད་རེས་དངོས་ཡོད་གནས་ཚུལ་དེ་དག་གཞི་རྒྱ་ཆེན་པོའི་ཐོག་ནས་གླེང་ཐུབ་པ་དེས་རིམ་བཞིན་བོད་ནང་དུ་དཀའ་ངལ་དེ་འདྲ་ཉུང་དུ་འགྲོ་རྒྱུའི་རེ་བ་བྱུ་ཡུལ་དུ་འགྱུར་སྲིད་པ་རེད་ཅེས་གསུངས་བྱུང་།།


གསར་འགོད་པ། ཆོས་སྐྱིད། གཡུ་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎