བློ་བཟང་སྦྱིན་པ་ལགས་མི་ལོ་ལྔ་ལ་བཙོན་འཇུག་རྗེས་གློད་གྲོལ་བྱུང་འདུག
2017.11.15
རྒྱ་ནག་གིས་འཛིན་བཟུང་རྗེས་ལོ་ལྔའི་ཁྲིམས་ཐག་བཅད་པའི་ཟིལ་དཀར་དགོན་པའི་དགེ་འདུན་པ་བློ་བཟང་སྦྱིན་པ་ལགས་གློད་གྲོལ་བྱུང་འདུག
དེ་ཡང་དེ་སྔོན་སྤྱི་ལོ་༢༠༡༢་ལོའི་ཟླ་༩་པའི་ནང་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ཉ་མཚོ་ཟིལ་དཀར་དགོན་པའི་དགེ་འདུན་པ་བློ་བཟང་སྤྱིན་པ་ལགས་རྒྱ་ནག་གིས་འཛིན་བཟུང་གིས། ཟླ་ངོ་གསུམ་ཡས་མས་ཞིག་ལ་བཀག་ཉར་འདྲི་རྩད་དང་རྡུང་རྡེག་སྣ་ཚོགས་བྱས་རྗེས་གློད་གྲོལ་བཏང་ཡོད་ཀྱང་། རྗེས་སུ་ཡང་བསྐྱར་འཛིན་བཟུང་གིས་མི་ལོ་ལྔའི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ནས་བཙོན་འཇུག་བྱས་བ་དང་། ཉེ་ཆར་སྤྱི་ཟླ་༡༠་པའི་ཚེས་༣་ཉིན་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི་ལྷོ་ཕྱོགས་སུ་ཡོད་པའི་བཙོན་ཁང་ཞིག་ནས་གློད་གྲོལ་བཏང་ཡོད་འདུག
གསར་དུ་གློད་གྲོལ་ཐོབ་པའི་དགེ་འདུན་པ་བློ་བཟང་སྤྱིན་པ་ལགས་ནི། དེ་སྔོན་སྤྱི་ལོ་༢༠༡༢་ལོའི་སྤྱི་ཟླ་༩་པའི་ཚེས་༡་ཉིན་སྒ་སྐྱེ་རྒུ་མདོའི་ཁྲི་འདུ་རྫོང་ཉ་མཚོ་ཟིལ་དཀར་དགོན་པའི་བསོད་ནམས་ཤེས་རབ་ལགས་དང་། བསོད་ནམས་དབྱིག་གཉེན་ལགས། དགེ་འདུན་པ་ཚུལ་ཁྲིམས་སྐལ་བཟང་སོགས་ཁྱོན་དགེ་འདུན་པ་ལྔ་འཛིན་བཟུང་བྱས་པའི་ཁྲོད་དུ་ཡོད་ཅིང་། ཁོ་ཚོ་སྐབས་དེར་བཙོན་འཇུག་གིས་ཁྲིམས་ཆད་བཅད་པའི་སྐབས་སུ་ཁྲིམས་རྩོད་པ་དང་ནང་མི་ཉེ་འབྲེལ་སོགས་ཅི་གང་ཡང་མེད་པའི་ཐོག་ནས་ནག་ཉེས་ཉེས་འགེབས་ཀྱིས་ཁྲིམས་ཆད་བཅད་ཡོད་འདུག སྐབས་དེར་གྲྭ་བློ་བཟང་སྤྱིན་པ་ལགས་ལ་རྒྱ་གཞུང་གིས་ནག་ཉེས་ཉེས་འགེབས་བྱས་པ་ནི། དེང་སྐབས་རྒྱ་གཞུང་གི་བཙོན་འོག་ཏུ་ཡོད་པའི་གླུ་བ་བློ་བློ་ལགས་ཀྱི་བོད་དར་ཆ་སྒྲེངས་ཤིག་གངས་བུ་ཚོ་ཞེས་པའི་འོད་སྡེར་དེ་དང་འབྲེལ་བ་ཡོད་ཚུལ་དང་། དེ་བཞིན་འོད་སྡེར་དེའི་ནང་དུ་པཎ་ཆེན་རིན་པོ་ཆེ་མཆོག་ལ་དྲན་གླུ་སོགས་གླུ་ཚིག་འབྲི་མཁན་དང་འབྲེལ་བ་ཡོད་ཚུལ་གྱིས་ཁོང་ལ་མི་ལོ་ལྔའི་ཁྲིམས་ཐག་བཅད་པ་ཞིག་ཡིན་འདུག
གྲྭ་བློ་བཟང་སྦྱིན་པ་ལགས་ནི། སྐྱེས་ཡུལ་ཁྲི་འདུ་རྫོང་གེ་ཤིང་སྡེ་པའི་ཕ་དར་རྒྱས་(རྟ་རྒྱལ་)དང་མ་པདྨ་མཚོ་མོ་གཉིས་ཀྱི་བུ་ཡིན་འདུག ཁོང་གློད་གྲོལ་གྱི་སྐོར་ད་བར་ཕྱི་ཕྱོགས་སུ་ཐོན་མེད་དོན་ནི་སྤྱི་ཟླ་༡༠་པའི་ནང་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་སྐབས་དང་འཁེལ་ནས་བོད་ནང་ཆེས་དམ་དྲག་བྱེད་བཞིན་པའི་རྐྱེན་གྱིས་ཡིན་འདུག
གསར་འགོད་པ་ཀུན་བཟང་བསྟན་འཛིན། ཕབ་བཤུས་གུ་རུ་ཆོས་སྐྱིད།