མདོ་སྨད་རྔ་བ་ནས་བོད་དོན་སྐད་འབོད་དང་འཇུ་བཟུང་བྱས་བ།


2015.09.07
མདོ་སྨད་རྔ་བ་རྫོང་མཁར་ནས་བོད་དོན་སྐད་འབོད་གནང་མཁན་བློ་བཟང་སྐལ་བཟང་། ༢༠༡༥།༩།༧ མདོ་སྨད་རྔ་བ་རྫོང་མཁར་ནས་བོད་དོན་སྐད་འབོད་གནང་མཁན་བློ་བཟང་སྐལ་བཟང་། ༢༠༡༥།༩།༧
བོད་འབྱོར།

ཁ་བ་ཅན་ལ་རང་དབང་དགོས་རྒྱལ་དབང་བསྟན་འཛིན་རྒྱ་མཚོ་ཁྲི་ལོ་བརྟན་པར་ཤོག་ཞེས་སྐད་འབོད་གནང་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་དོན། དེ་རིང་སྤྱི་ཟླ་༩པའི་ཚེས་༧་ཉིན་གྱི་ཕྱི་དྲོར། མདོ་སྨད་རྔ་བ་རྫོང་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་སྐལ་བཟང་གིས་ལག་གཉིས་ཀྱིས་༧གོང་ས་མཆོག་གི་སྐུ་པར་ཞིག་མཐོན་པོར་བཏེགས་བཞིན། རྔ་པ་རྫོང་ཐོག་ཏུ་བོད་ལ་རང་དབང་དགོས་ཞེས་བོད་དོན་སྐད་འབོད་གནང་ཡོད་པ་དང་། རིང་བོ་མ་སོང་བར་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་འདུག་ལ་སྐབས་དེར་དེར་ཡོད་བོད་མི་མང་པོས་ཀི་སྒྲ་སྒྲོག་བཞིན་རྒྱབ་སྐྱོར་གྱི་རྣམ་པ་བསྟན་ཡོད་པ་རེད།
དེའི་ཐད་འདི་ག་རླུང་འཕྲིན་ཁང་གིས། རྔ་བ་རྫོང་ས་གནས་སྤྱི་བདེ་མངགས་གཏོང་ཁང་ལ་ཁ་པར་བཏང་ནས་དྲིས་སྐབས། ལས་བྱེད་ཞིག་གིས། མ་ཤེས་བའི་ཚུལ་གྱིས་གནད་དོན་དེ་དེ་ཁྱེད་ལ་དགོ་རྒྱུ་ཞིག་མ་རེད། དགོ་མི་དགོ་མ་འདྲི་རོགས་ཅེས་ལན་བཏབ་ནས་ཁ་པར་བཞག་སོང་།
དེ་བཞིན་འདི་གར་བརྙན་ཐུང་ཞིག་འབྱོར་བའི་ནང་། དགེ་འདུན་པ་ཁོང་འཇུ་བཟུང་བྱེད་བཞིན་པ་བུད་མེད་ཞིག་གིས་མཐོང་བ་དང་། ཁོ་མོས་རྒྱལ་བ་རིན་པོ་ཆེ་མཁྱེན། འདིར་བལྟོས། རྒྱ་དམག་གིས་འདུག་གི་མི་འཇུག་གི་ཞེས་གསོལ་འདེབས་བྱེད་བཞིན་པ་ཐོས་ཐུབ། དེ་བཞིན་མི་མང་གི་སྐད་སྒྲའི་ཁྲོད་མེ་མདའི་སྐད་ལྟ་བུ་ཞིག་གསལ་བོར་གོ་ན་ཡང་མེ་མདའ་རྒྱབ་ཡོད་མེད་གནས་ཚུལ་ཁ་གསལ་མི་འདུག
གནས་ཚུལ་ཡོང་ཁུངས་ནས་བྱས་ན། སྐབས་ཐོག་དེར་རྔ་པའི་སྲང་ལམ་ནས་མི་སྐྱ་ཞིག་ཀྱང་ཉེན་རྟོག་པས་འཛིན་བཟུང་བྱས་པའི་གནས་ཚུལ་འདུག་ཀྱང་མིང་སོགས་ཁ་གསལ་མེད་པ་རེད།
ཡང་གནས་ཚུལ་དེའི་ཐད་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པས་གནས་ཚུལ་བཏང་བ་ལྟར་ན། དགེ་འདུན་པ་བློ་བཟང་སྐལ་བཟང་གིས། “བོད་ཁ་བ་ཅན་ལ་རང་དབང་དགོས། རྒྱལ་དབང་བསྟན་འཛིན་རྒྱ་མཚོ་ཁྲི་ལོ་བརྟན་པར་ཤོག”ཟེར་བཞིན་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་གནང་སྟེ་གོམ་བགྲོད་བྱས་ཡོད་ཀྱང་། སྔ་ས་ནས་གྲ་སྒྲིག་བྱས་ནས་ཡོད་པའི་ཉེན་རྟོག་པ་རྣམས་ཀྱིས་ཁོང་བཙན་ཁྲིད་བྱས་ཡོད་པས་རྗེས་ཀྱི་གནས་ཚུལ་ཤེས་རྟོགས་མ་ཐུབ་ཅེས་དང་།
གོང་གི་དགེ་འདུན་པ་བློ་བཟང་སྐལ་བཟང་ཁོང་ནི་རྔ་པ་རྫོང་རྨེའུ་རུ་མ་རུ་ཆེན་གཉིས་པའི་ཕ་ཚེ་རིང་བརྟན་ཁོ་དང་། མ་ལྷ་སྐྱིད་གཉིས་ལ་བུ་མུ་མོ་བཞི་ཡོད་པའི་གཉིས་པ་ཡིན་འདུག་ལ། ད་ལོ་རང་ལོ་༡༩ཙམ་ཡིན་འདུག ཆུང་དུས་ནས་རྔ་པ་ཀིརྟི་དགོན་པར་ཆོས་ཞུགས་བྱས་ཏེ། ༢༠༡༤ ལོར་སྔོན་འགྲོའི་འཛིན་གྲྭ་མཐར་ཕྱིན་ནས་དེང་སྐབས་མཚན་ཉིད་ཀྱི་འཛིན་གྲྭ་ཁ་དོག་དཀར་དམར་ཡིན་ཞིང་། ལོ་སྔོན་མར་ཁོང་གི་ཤག་རོགས་དང་མ་སྤུན་ཡིན་པའི་བློ་བཟང་བསྟན་པས་ཀྱང་རྔ་པའི་སྲང་ལམ་ནས་བོད་དོན་སྐད་འབོད་གནང་རྗེས་ལོ་༢ ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ནས་དེང་སྐབས་བཙོན་ཁང་དུ་ཡོད་མུས་དང་། ༢༠༠༨ ལོར་ཁོང་གི་ཞང་བོ་ཚེ་བདག་དང་། ཆོས་འཕེལ་གཉིས་ལ་ལོ་༦ དང་༤ ལ་བཙོན་འཇུག་བྱས་མྱོང་བ་སོགས་ཚང་མ་ཁོང་རང་གིས་དངོས་སུ་མཐོང་ཡོད་འདུག

གསར་འགོད་པ་ཀླུ་འབུམ།
*བློ་བཟང་སྐལ་བཟང་ལགས་ཀྱིས་སྐད་འབོད་དང་འཇུ་བཟུང་སྐབས་ཀྱི་བརྙན་ཐུང་གཤམ་གྱི་དྲ་ཐག་ནས་གཟིགས་ཐུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎