རྒྱུད་གྲྭ་སྟོད་སྨད་སོགས་སྔགས་པ་གྲྭ་ཚང་ཁག་གིས་གཞུང་ཆེན་ལ་སློབ་གཉེར་བྱ་གལ་ཆེན་པོ་རེད་ཅེས།༧གོང་ས་མཆོག་གིས་རྒྱུད་གྲྭ་སྟོད་སྨད་ཀྱིས་བརྟན་བཞུགས་སྐབས་ལམ་སྟོན་ཕེབས་ཡོད་པ།

2022.07.10
རྒྱུད་གྲྭ་སྟོད་སྨད་སོགས་སྔགས་པ་གྲྭ་ཚང་ཁག་གིས་གཞུང་ཆེན་ལ་སློབ་གཉེར་བྱ་གལ་ཆེན་པོ་རེད་ཅེས།༧གོང་ས་མཆོག་གིས་རྒྱུད་གྲྭ་སྟོད་སྨད་ཀྱིས་བརྟན་བཞུགས་སྐབས་ལམ་སྟོན་ཕེབས་ཡོད་པ། སྤྱི་ཟླ་༧པའི་ཚེས་༡༠ཉིན་རྒྱུད་གྲྭ་སྟོད་སྨད་གཉིས་ནས་བཞུགས་སྒར་ཐེག་ཆེན་ཆོས་གླིང་དུ་༧གོང་ས་མཆོག་ལ་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་གནང་ཡོད་པ་།
OHHDL

བོད་མིའི་དབུ་ཁྲིད་༧གོང་ས་མཆོག་གིས་རྒྱུད་གྲྭ་སྟོད་སྨད་གཉིས་སོགས་ནས་ཡུན་རིང་གསོལ་འདེབས་ཞུས་པའི་ངོར། བདེ་མཆོག་ལཱུ་ཨི་ལུགས་ཀྱི་བཀའ་དབང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གནང་གྲུབ་པ་དང་བསྟུན། སྤྱི་ཟླ་༧པའི་ཚེས་༡༠ཉིན་རྒྱུད་གྲྭ་སྟོད་སྨད་གཉིས་ནས་བཞུགས་སྒར་ཐེག་ཆེན་ཆོས་གླིང་དུ་༧གོང་ས་མཆོག་ལ་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་གནང་ཡོད་པ་དང་། སྐབས་དེར་༧གོང་ས་མཆོག་གིས་རྒྱུད་གྲྭ་སྟོད་སྨད་སོགས་སྔགས་པ་གྲྭ་ཚང་ཁག་གིས་ཀྱང་གཞུང་ཆེན་ལ་སློབ་གཉེར་བྱ་གལ་ཆེན་པོ་རེད་ཅེས་ལམ་སྟོན་གནང་གི་འདུག
ཡང་༧གོང་ས་མཆོག་གིས་ཁོང་གི་འཁྲུངས་སྐར་གྱི་དུས་ཆེན་ལ་ཡུལ་ལུང་འདྲ་མིན་སྣ་ཚོགས་ནས། འཁྲུངས་སྐར་བཀྲ་ཤིས་བདེ་ལེགས་ཀྱི་ཡིག་གེ་མང་པོ་འབྱོར་སོང་བ་དང་། ཡིག་གེ་གཏོང་མཁན་ཚང་མ་ལྷག་བསམ་གཅིག་ཏུ་དཀར་པའི་མུར། གལ་ཆེ་ཤོས་ངོས་ནས་ད་བར་ཧུར་ཐག་བྱས་པར་ངོས་ལེན་ཡོད་པའི་ཐོག་ནས་ཁྱེད་ཚོས་ང་ལ་རྒྱབ་སྐྱོར་གནང་གི་ཡོད་པས། ཚང་མ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཁྱེད་ཚོའི་རེ་བ་དང་སྨོན་ལམ་བཏབ་པ་བཞིན། ངོས་ནས་ཀྱང་མུ་མཐུད་འཛམ་གླིང་འདིའི་མི་དུང་ཕྱུར་བདུན་ཅུ་ལྷག་དེར། དངོས་དང་བརྒྱུད་པས་ཕན་ཐོགས་གང་འཚམ་བྱེད་ཐུབ་པ་རེད་ཅེས་བཀའ་གནང་གི་འདུག
གཞན་ཡང་༧གོང་ས་མཆོག་གིས་རྒྱུད་གྲྭ་སྨད་སྟོད་གཉིས་ནི་བསམ་གྱིས་མི་ཁྱབ་པ་དང་། སྒེར་ངོས་ནས་ང་རང་ཆུང་ཆུང་གི་སྐབས་ནས་ནོར་གླིང་དུ་རྒྱུད་སྟོད་དང་རྒྱུད་སྨད་ཀྱི་དགེ་འདུན་པ་ཕལ་ཆེར་བཅུ་བཅོ་ལྔ་ཙམ། བདུན་ཕྲག་རེ་རེ་བཞིན་བསྡད་དེ་འཆར་ཅན་ཡོང་བསྡད་ཡོད་པས། རྒྱུད་པས་དགོང་དྲོ་རྒྱུད་གཞུང་བཏོན་བསྡད་པ་དེ་རིགས་ང་ཆུང་ཆུང་གི་སྐབས་ནས་གོ་བསྡད་ཡོད་པ་བཅས།གང་ལྟར་རྒྱུད་གྲྭ་སྨད་སྟོད་གཉིས་ཧ་ཅང་སེམས་ཐག་ཉེ་བོ་ཞིག་ཆགས་ཡོད་པ་དང་།ད་ལན་རྒྱུད་གྲྭ་སྨད་སྟོད་ཐུན་མོང་གི་ཐོག་ནས་བརྟན་བཞུགས་གནང་བར། འགོ་བའི་སྲུང་མ་ཚོ་ཡང་ཏན་ཏན་འདིར་མཉམ་དུ་འཚོགས་བསྡད་ཡོད་པ་དང་། ཆོས་སྐྱོང་སྲུང་མོ་ཚོའང་ལུས་དང་གྲིབ་མ་བཞིན་དུ་འགྲོགས་པའི་ཐོག་ནས་འཕྲིན་ལས་སྒྲུབ་བཞིན་པ་དེ་ངོས་ཀྱི་རྨི་ལམ་ལ་ཚར་མང་པོ་བཏང་མྱོང་པར་བརྟེན། མཐོང་ཆོས་ཀྱི་མཁན་བླ་དགེ་འདུན་དམངས་དང་མཐོང་ཆོས་སུ་མེད་པའི་དཀར་ཕྱོགས་སྐྱོང་བའི་སྲུང་མ་ཚོ་བཅས་ལ་ཐུགས་རྗེ་ཆེ་ཞུ་ཞེས་བཀའ་གནང་གི་འདུག
དེ་བཞིན་༧གོང་ས་མཆོག་གིས་ཆོས་ལས་བྱུང་བའི་བསླབ་བྱ་གཙོ་བོ་ནི་སེམས་པ་བཟང་པོ་བྱུ་རྒྱུ་དེ་ཡིན་པས། སྐྱེ་བ་སྔ་ཕྱི་ཁས་ལེན་མིན་ཇི་ལྟར་ཡང་ཚེ་ཐོག་འདིར་སེམས་པ་བཟང་པོ་བྱ་གལ་ཆེ་བ་དང་། མི་ཚེ་དེ་བྱམས་བརྩེ་ལྡན་པ་ཞིག་བསྐྱལ་བ་ཡིན་ན། སོ་སོ་སེམས་སྐྱིད་པ་དང་རོགས་པ་ཚོ་ཡང་སེམས་སྐྱིད་པ། དེ་བརྒྱུད་ནས་འཛམ་གླིང་སྤྱི་ལའང་སེམས་ཀྱི་ཞི་བདེ་བརྒྱུད་ནས་ཞི་བདེ་ཡོང་བའི་གོ་སྐབས་ཡོད་པ་རེད་ཅེས་བཀའ་སློབ་ལམ་སྟོན་ཕེབས་གནང་གི་འདུག

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎