༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ།
2012.09.22
༄༅།།བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བསྟན་འགྲོ་སྤྱི་དང་ཁྱད་པར་གངས་ལྗོངས་འགྲོ་བའི་མགོན་དཔུང་དམ་པར་སྐུ་ཚེ་བསྐལ་བརྒྱའི་བར་དུ་བརྟན་སླད། རྒྱ་གར་གྱི་བོད་རིགས་དྭང་སློབ་འགོ་མང་སྤྱི་ཡོངས་ཀྱིས་དེ་རིང་ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༢༢ ཉིན། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཚེ་སྦྱིན་རྣམ་པར་རྒྱལ་མའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད།
དེང་སྐབས་བཞུགས་སྒར་རྡ་རམ་ས་ལར་ལོ་ལྟར་ཚུགས་སྲོལ་ཡོད་པའི་དྭང་སློབ་དམག་སྒར་གྱིས་མཐུན་འགྱུར་ཞུས་པའི་མ་ཧ་གུ་རུའི་འབུམ་ཚོགས་ཉིན་གྲངས་ལྔའི་རིང་ཚུགས་བཞིན་ཡོད་པ་དང༌། སྐབས་དེར་དྭང་སློབ་དམག་སྒར་གྱི་འགོ་དཔོན་དང་དམག་དཀྱུས་མང་དག་ཅིག་བཞུགས་སྒར་རྡ་རམ་ས་ལར་ཆེད་བཅར་ཞུ་སྲོལ་ཡོད་པ་ལྟར། ཐེངས་འདིར་ཡང་དྭང་སློབ་ཀྱི་མདའ་དཔོན་བཀའ་བརྒྱུད་ཆོས་འཕེལ་ལགས་དང་རུ་དཔོན་གྲགས་པ་བསྟན་འཛིན་ལགས་སོགས་ཆེད་བཅར་ཞུས་ཡོད་འདུག་ལ། དེ་རིང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་ཞུགས་བསྟར་འབུལ་ཞུས་སྐབས་རྣམ་གྲྭ་མཁན་རིན་པོ་ཆེ་དབུས་པའི་སེར་སྐྱ་མི་དམངས་ཁྱོན་ཆེ་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་ཡང་ཆེད་བཞུགས་གནང་ཡོད་པ་རེད།
ཐེངས་འདིའི་བརྟན་བཞུགས་ཀྱི་གསོལ་འདེབས་མཎྜལ་ལྗགས་བཤད་རྣམ་གྲྭ་མཁན་རིན་པོ་ཆེས་གནང་པ་དང༌། དྭང་སློབ་མདའ་དཔོན་དང་རུ་དཔོན་རྣམ་གཉིས་ནས་མཎྜལ་གཡས་གཡོན་ནས་བཏེགས་འབུལ་ཞུས་འདུག།