རྒྱ་གར་གྱི་མེས་པོ་དམ་པ་གེན་རྡིའི་པུར་ཐལ་སྐོར།
2010.01.29
༄༅༎རྒྱ་གར་གྱི་མེས་པོ་དམ་པ་མ་ཧཏ་མ་གེན་རྡི་མཆོག་གི་སྐུ་ཕུང་ཞུ་འབུལ་བྱས་པའི་ཐལ་བ་ནས་ཕྲན་བུ་ཞིག་གེན་རྡི་མཆོག་གི་ཁྱིམ་ཚང་གི་དགའ་ཉེ་ཞིག་གིས་ལྐོག་ཏུ་འདས་པའི་མི་ལོ་བཅུ་ཕྲག་དེའི་རིང་བདག་ཉར་བྱས་པ་དེ་བཞིན་དེ་སྔ་གེན་རྡི་མཆོག་ཁྲིམས་ཀྱི་སློབ་སྦྱོང་གནང་ཡུལ་ལྷོ་ཨེ་ཕེ་རི་ཀའི་རྒྱ་མཚོའི་ནང་བཤམས་རྒྱུ་ཡིན་པ་རེད།
མེས་པོ་དམ་པ་གེན་རྡི་མཆོག་རྒྱ་གར་དབྱིན་ཇིའི་མངའ་འོག་ནས་རང་བཙན་ཐོབ་པའི་སྐབས་དེར་ཕྱི་ལོ་༡༩༤༨ལོའི་ཕྱི་ཟླ་དང་པོའི་ཚེས་༣༠ ཉིན་ཧིན་རྡུ་རྒྱལ་གཅེས་པ་ན་ཐུ་རན་གོདྲ་སི་ཡིས་ལྐོག་བཀྲོངས་བྱས་ནས་ད་བར་མི་ལོ་༦༢འགྲོ་གི་ཡོད་དང། སྐུ་ཕུང་ཞུ་འབུལ་བྱས་ཏེ་ཐལ་བ་རྣམས་དེ་སྔ་གེན་རྡི་མཆོག་དང་འབྲེལ་བ་ཡོད་པའི་རྒྱ་གར་དང་རྒྱལ་སྤྱིའི་ནང་གི་ཁོང་གི་རྗེས་འཇུག་པ་ཚོར་དྲན་རྟེན་གྱི་ཆེད་དུ་དམིགས་ཏེ་ཚང་མར་ཆ་བགོས་བྱས་ཡོད་པ་རེད། ཡིན་ནའང་སྐབས་དེ་དུས་གེན་རྡི་ཁྱིམ་ཚང་གི་དགའ་ཉེ་ཡིན་པ་ལྕམ་ལྦི་ལ་སི་མེ་ཏ་ཞུ་བ་ཞིག་གིས། གེན་རྡི་མཆོག་དགོངས་པ་རྫོགས་པའི་སྨོན་ལམ་བྱེད་སྒོའི་ལས་དོན་གྲ་སྒྲིག་གི་ཕྱག་རོགས་སུ་ཕེབས་ཏེ། སྐུ་ཕུང་གི་ཐལ་བ་ནས་ཕྲན་བུ་ཞིག་གེན་རྡི་ནང་མི་ཚོས་ཤེས་རྟོགས་མེད་པར་ལྐོག་ཏུ་བདག་ཉར་བྱས་ཡོད་པ་དང། གེན་རྡི་མཆོག་གི་སྐུ་ཕུང་ཞུ་འབུལ་བྱས་པའི་ཐལ་བ་རྣམས་རྒྱ་གར་དང་རྒྱལ་སྤྱིའི་ནང་དུ་ཡོད་པའི་རྗེས་འཇུག་པ་ཚོར་ཆ་བགོས་བྱས་པ་རྣམས་རྒྱ་མཚོར་བཤམ་ཟིན་ཏེ། ལྦི་ལ་སི་མེ་ཏ་ཡི་ལྐོག་ཏུ་བདག་ཉར་བྱས་པའི་ཐལ་བ་དེ་ནི། གེན་རྡི་ཡི་དྲན་རྟེན་མཐའ་མ་དེ་ཡིན་པར་བརྟེན། ལྷོ་ཨ་ཕེ་རི་ཀའི་ནང་གནས་སྡོད་གནང་མཁན་གེན་རྡི་མཆོག་གི་ཚ་མོ་ཨེ་ལ་གེན་རྡི་ཞུ་བས། རེས་གཟའ་སྤེན་པའི་ཉིན། ཐལ་བ་དེ་ནི། དེ་སྔ་ཕྱི་ལོ་༡༨༩༣ལོར་གེན་རྡི་མཆོག་ཁྲིམས་ཀྱི་སློབ་སྦྱོང་གནང་ཡུལ་ལྷོ་ཨ་ཕེ་རི་ཀའི་རྒྱ་མཚོའི་ནང་བཤམ་རྒྱུ་ཡིན་པ་གསུངས་ཡོད་པ་རེད།