བོད་ཀྱི་ལྷོ་ནུབ་དུ་ཡོད་པའི་སྟོད་དིང་རི་ཁུལ་དུ་ས་ཡོམ་རྒྱབ་འདུག
2010.02.26
༄༅༎བོད་ཀྱི་ལྷོ་ནུབ་ཕྱོགས་སུ་ཡོད་པའི་སྟོད་དིང་རི་ཁུལ་དུ་འདི་ཚེས་༢༦གི་ཉིན་ས་ཡོམ་གང་མཚམས་ཤུགས་ཆེན་པོ་ཞིག་རྒྱབ་ཡོད་འདུག་ཀྱང༌། ས་ཡོམ་དེའི་རྐྱེན་པས་མི་ཤི་སྐྱོན་ཆག་སོགས་བྱུང་ཡོད་མིན་སྐོར་གསལ་ཁ་གང་ཡང་སྟོན་མི་འདུག དེ་ཡང་ཁ་ས་རྒྱ་ནག་ས་འགུལ་བརྟག་དཔྱད་ལས་ཁང་གིས་སྤེལ་བའི་བསྒྲགས་གཏམ་ལུང་འདྲེན་གྱིས་ཡུལ་དེའི་གཞུང་གཉེར་ཤིན་ཧུའ་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཁ་ས་དིང་རི་ཁུལ་དུ་ས་གནས་ཀྱི་ཉིན་དགུང་ཆུ་ཚོད་དང་པོ་མ་ཟིན་ཙམ་དུ་ས་ཡོམ་ཤུགས་ཚད་ལྔ་ཙམ་བྱས་པ་ཞིག་བརྒྱབ་ཡོད་པ་དེ་ལྟར་ཡང་། ད་ལྟའི་ཆར་འབྱུང་བའི་རྐྱེན་ངན་འདིའི་རྐྱེན་པས་མི་རྒྱུ་གཉིས་ལ་སྐྱོན་ཆག་བྱུང་ཡོད་མིན་སྐོར་གནས་ཚུལ་ཁ་གསལ་ཤེས་རྟོགས་བྱུང་མེད་པའི་འགྲེལ་བརྗོད་བྱས་འདུག་ལ། ཡང་རྒྱ་ནག་གི་ལྷོ་ནུབ་ཡུ་ནན་ཞིང་ཆེན་ནང་འདི་ཚེས་༢༥ཉིན་མོ་ས་ཡོམ་གྱི་གོད་ཆགས་ཤིག་བྱུང་བའི་རྐྱེན་གྱིས་ད་བར་མི་གྲངས་༢༩འི་ཚེ་སྲོག་ཤོར་བའི་ཐོག། ཁང་ཁྱིམ་ཆེས་མང་པོ་རྡིབ་སྐྱོན་བཤོར་ཏེ། མི་མང་སྟོང་ཕྲག་གསུམ་ཙམ་ཞིག་སྡོད་ཡུལ་མེད་པར་གྱུར་ཡོད་འདུག་ཅིང༌། རྡིབ་སྐྱོན་ཤོར་བའི་ཁང་ཁྱིམ་གྱི་ཁོངས་སུ་སློབ་གྲ་བརྒྱ་ཙམ་དང༌། སྨན་ཁང༌བདུན་ཅུ་དོན་གཉིས། མང་ཚོགས་ཀྱི་སྡོད་ཁྱིམ་ཆིག་སྟོང་བཞི་བརྒྱ་ཙམ་བྱུང་ཡོད་པ་དང༌། ད་ལམ་གྱི་ས་ཡོམ་གོད་ཆགས་དེ་ཡུ་ནན་ཞིང་ཆེན་གྱི་རྒྱལ་ས་ཀུན་མིང་གི་ནུབ་བྱང་ཕྱོགས་སུ་ཀི་ལོ་མི་ཀྲར་དྲུག་ཅུ་ཙམ་གྱི་སར་ཡོད་པའི་ས་གནས་ཤིག་ལ་ཕོག་ཡོད་པའི་འགྲེལ་བརྗོད་བྱས་འདུག