ཨ་རིའི་རྒྱལ་སའི་ནང་རྒྱ་གར་གྱི་དུས་སྟོན་ཞིག་གཉེར་འཆར།
2011.02.22
༄༅༎ཨ་མི་རི་ཀའི་རྒྱལ་ས་ལྦ་ཤིང་ཊོན་ནང་རྒྱ་གར་གྱི་དུས་སྟོན་ཧ་ཅང་གི་ཆེ་བ་ཞིག་བྱེད་རྒྱུ་ཡིན་འདུག། དུས་སྟོན་དེའི་ནང་རྒྱ་གར་གྱི་གནའ་བོའི་རིག་གཞུང་དང་ དེང་དུས་ཀྱི་ཁྱད་ཆོས་མཚོན་པའི་གཞས་དང་ཞབས་བྲོ་སྣ་ཚོགས་པ་ཞིག་འཁྲབ་སྟོན་བྱེད་མཁན་གྱི་སྒྱུ་རྩལ་བ་བརྒྱ་ཕྲག་འགའ་ཤས་མཉམ་ཞུགས་བྱེད་རྒྱུ་ཡིན་པ་རེད།
རྒྱ་གར་གྱི་སྒྱུ་རྩལ་རིག་གཞུང་འཁྲབ་སྟོན་པ་དེ་དག་གི་ཁོངས་སུ་རྒྱ་གར་གྱི་རྔ་ཆུང་ཏབ་ལ་དཀྲོལ་བརྡུང་པ་གྲགས་ཅན་ཛ་ཀིན་ཧུ་སེན་དང་ གཞན་ཡང་རྒྱ་གར་གྱི་གནམ་བོའི་ལྷ་གར་འཁྲབ་སྟོན་པ་གྲགས་ཅན་པ་ཁག་ཅིག་དང་ ཡང་གློག་བརྙན་བཟོ་བསྐྲུན་པ་གྲགས་ཅན་སོགས་ སྒྱུ་རྩལ་ཆེད་ལས་མི་སྣ་ལྔ་བརྒྱ་སྐོར་མཉམ་ཞུགས་གནང་རྒྱུ་ཡིན་འདུག།
ཐེངས་འདིའི་རྒྱ་གར་གྱི་དུས་སྟོན་འདི་ཨ་རིའི་རྒྱལ་ས་ལྦ་ཤིང་ཊོན་དུ་ཡོད་པའི་ཀེ་ནི་ཌ་རིག་གཞུང་ལྟེ་གནས་ཁང་ནས་གོ་སྒྲིག་ཞུས་པ་ཞིག་ཡིན་པ་དང་ རིག་གཞུང་ལྟེ་གནས་ཁང་དེས་འདིའི་གོང་ཉེ་ཧོང་དང་རྒྱ་ནག་ དཀྱིལ་ཤར་ཡུལ་གྲུའི་དུས་སྟོན་སོགས་ཀྱང་གོ་སྒྲིག་ཞུ་མྱོང་ཡོད་པ་རེད།
ཨ་རིའི་རྒྱ་གར་གྱི་གཞུང་ཚབ་ཆེན་མོ་ལྕམ་མཱི་ར་ཤང་ཀར་གྱིས་དུས་སྟོན་འདི་བརྒྱུད་རྒྱ་གར་དང་ཨ་མི་རི་ཀའི་དབར་གྱི་འབྲེལ་ལམ་བཟང་དུ་འགྲོ་རྒྱུ་དང་ལྷག་པར་མི་རིགས་གཉིས་ཀྱི་དབར་གྱི་འབྲེལ་ལམ་ཐད་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ཆེན་པོ་ཞིག་འབྱུང་རྒྱུར་ཐུགས་རེ་གནང་གི་ཡོད་པ་གསུངས་འདུག།