བལ་ཡུལ་ཡུ་ཨེམ་ཨེལ་དམར་ཤོག་ཚོགས་པ་ལ་རྒྱབ་སྐྱོར་མང་བ།
2009.05.17
༄༅༎བལ་ཡུལ་ཡུ་ཨེམ་ཨེལ་དམར་ཤོག་ཚོགས་པའི་དབུ་ཁྲིད་འོག་སྲིད་གཞུང་གསར་པ་འཛུགས་རྒྱུར་ཁྲིམས་བཟོའི་འཐུས་མི་༣༥༠ཐམ་པའི་རྒྱབ་སྐྱོར་མཚན་རྟགས་གནང་ཡོད་པའི་ཡིག་ཆ་དེ་གྲོས་ཚོགས་ཀྱི་ཚོགས་གཙོར་འབུལ་ལམ་ཞུས་ཏེ་སྲིད་གཞུང་གསར་པ་འཛུགས་རྒྱུའི་གྲ་སྒྲིག་གནང་བཞིན་པ་རེད།
ཡུ་ཨེམ་ཨེལ་དམར་ཤོག་ཚོགས་པའི་དབུ་ཁྲིད་མཱ་རྡལྦ་ཀུ་མའར་ནེ་པལ་གྱིས་སྲིད་བློན་འགན་ཁུར་བཞེས་རྒྱུར་ཕྱོགས་འགལ་ཀོང་རེསི་སྲིད་དོན་ཚོགས་པ་དང་གཞན་སྲིད་དོན་ཚོགས་པ་ཆུང་ཁག་ཉི་ཤུ་རྩ་གཉིས་ཀྱིས་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་ཡོད་ཅིང་དེའི་ཁོངས་ནས་མཱ་རྡེ་སི་ཇ་ན་རྡི་ཀར་ཕོ་རམ་ཞེས་པའི་ཚོགས་པས་དངོས་སུ་སྲིད་གཞུང་འཛིན་སྐྱོང་གི་ལས་གནས་བཟུང་མིན་ཐད་དབུས་རྒྱུན་ལས་ཀྱི་ལྷན་ཚོགས་ཐོག་ནས་ཐག་གཅོད་གནང་རྒྱུ་ཡིན་ལུགས་ཚོགས་གཙོ་ཨུ་པེན་རྡར་ཡ་རྡལྦ་ཡིས་གསུངས་གནང་འདུག དམར་ཤོག་ཡུ་ཨེམ་ཨེལ་དང་ཀོང་རེ་སི་སྲིད་དོན་ཚོགས་པ་གཉིས་ཀྱིས་དེ་སྔོན་མ་རྡེ་སི་འཐབ་ཕྱོགས་ལ་ཁས་ལེན་དོན་ཚན་བརྒྱད་ཅན་ཞིག་གནང་ཡོད་པ་དེ་ལག་ལེན་དོན་འཁྱེལ་གནང་རྒྱུར་སླར་ཡང་ཁས་ལེན་ཡིག་ཐོག་དགོས་ལུགས་བལ་ཡུལ་ལྷོ་ཕྱོགས་མི་རིགས་ཀྱི་སྲིད་དོན་ཚོགས་པ་མཱ་རྡེ་སི་ཇ་ན་རྡི་ཀར་ཕོ་རམ་ཞེས་པས་སྔོན་འགྲོའི་ཆ་རྐྱེན་བཏོན་པར་བརྟེན་མའོ་དམར་ཤོག་ཚོགས་པའི་འགོ་ཁྲིད་པཱར་ཅན་རྡ་ཡིས་སྲིད་བློན་ལས་གནས་ནས་དགོང་ཞུ་གནང་རྗེས་སྲིད་གཞུང་གསར་པ་འཛུགས་རྒྱུ་ནར་འགྱངས་སུ་འགྱུར་ཡོད་པ་རེད། དགོས་འདུན་དོན་ཚན་བརྒྱད་ཀྱི་ཁོངས་སུ་མཱ་རྡེ་སི་མི་རིགས་ཡོངས་རྫོགས་མངའ་སྡེ་གཅིག་གི་ཁོངས་སུ་བཅུག་དགོས་པ་འཁོད་ཡོད་ཅིང་མཱ་རྡེ་སི་སྲིད་དོན་ཚོགས་པ་ཆེ་ཤོས་དེས་དམར་ཤོག་སྲིད་དོན་ཚོགས་པ་ཆེ་ཁག་གཉིས་ནས་གཅིག་གདམ་ཀ་བྱེད་དགོས་ཀྱི་ཡོད་སྟབས་ནང་ཁུལ་རྩོད་རྙོག་ཆེན་པོ་བྱུང་ཡོད་པ་རེད། མདོར་དོན་ད་ཡོད་ཁྲིམས་བཟོའི་འཐུས་མི་དྲུག་བརྒྱ་གཅིག་ཡོད་པ་ནས་འཐུས་མི་སུམ་བརྒྱ་ང་བཅུ་ཐམ་པས་ཡུ་ཨེམ་ཨེལ་དམར་ཤོག་ཚོགས་པའི་དབུ་ཁྲིད་མཱ་རྡལྦ་ཀུ་མའར་ནེ་པལ་གྱིས་སྲིད་བློན་འགན་ཁུར་བཞེས་རྒྱུར་རྒྱབ་སྐྱོར་གནང་ཡོད་པས་རིང་པོར་མ་ཐོག་པར་སྲིད་གཞུང་པ་འཛུགས་ཐུབ་པའི་རེ་བ་གནང་བཞིན་པ་རེད༎