ཉེན་རྟོག་པར་གདོང་ཐུག་བྱུང་ནས་མང་པོ་འཛིན་བཟུང་བྱས་འདུག
2017.06.02

རྒྱ་ནག་གི་ཉེན་རྟོག་པ་དང་གདོང་ཐུག་བྱུང་ནས་བཱ་ཡན་གཞི་རྩ་སྡེ་བའི་མི་གྲངས་༤༠་ལྷག་འཛིན་བཟུང་བྱས་བ་དང་མང་པོ་རྨས་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་བཱ་ཡན་ནམ་དཔའ་ལུང་རྫོང་ཁོངས་ཀྱི་གཞི་རྩ་སྡེ་བ་དང་མཐར་དགའ་སྡེ་བ་གཉིས་བར་ཁུལ་དེའི་རྒྱུག་ཆུའི་ཁ་བསྒྱུར་ཕྱོགས་ཐད་མ་མཐུན་པ་བྱུང་བཞིན་པ་ལྟར། སྤྱི་ལོ་༢༠༡༧ལོའི་ཟླ་༦པའི་ཚེས་༡་ཉིན་གཞུང་ཆུའི་ཁ་ཕྱོགས་མཐར་དགའ་སྡེ་བའི་ཕྱོགས་སུ་བསྒྱུར་ཐབས་བྱེད་བཞིན་པའི་སྐབས་གཞི་རྩ་སྡེ་བའི་མི་ཚོས་ལས་གཞི་དེར་འདོད་མོས་མ་བྱས་བར་འགོག་ཐབས་བྱས་ཡོད་པ་རེད། གནས་ཚུལ་ངོ་སྤྲོད་པ་རྡོ་རྗེ་འབུམ་གྱིས་བརྗོད་དོན། གནས་སྟངས་ཛ་དྲག་ལ་གྱུར་བར་བརྟེན་ས་གནས་རྒྱ་ནག་གི་དྲག་ཆས་ཉེན་རྟོག་དམག་མི་མང་པོ་ས་གནས་སུ་འབྱོར་ནས་གནས་སྟངས་ཞི་འཇགས་གཏོང་ཐབས་བྱས་ཀྱང་མ་ཕན་པར་ཉེན་རྟོག་མི་སྣ་དང་གདོང་ཐུག་བྱུང་ནས་ཚེས་༡་དང་༢་ཉིན་གཉིས་རིང་སྔ་ཕྱིར་གཞི་རྩ་སྡེ་བའི་མི་གྲངས་༤༠་ལྷག་འཛིན་བཟུང་བྱས་འདུག ཉེན་རྟོག་པས་དུག་རླངས་བཏང་ནས་ཞི་འཇགས་གཏོང་ཐབས་བྱས་འདུག་ཀྱང་ཚེས་༢་ཉིན་མུ་མཐུད་ས་གནས་དེར་ཕྱོགས་གཉིས་ཀྱི་མི་མང་པོ་འཛོམས་པའི་གནས་ཚུལ་བྱུང་འདུག
ད་དུང་གནས་ཚུལ་ལྟར་ན། ཉེན་རྟོག་པ་དང་གདོང་ཐུག་སྐབས་ཉུང་མཐར་བོད་མི་༢༠ཙམ་དང་། ཉེན་རྟོག་པ་བཅུ་ཙམ་ལ་རྨས་སྐྱོན་ཕོག་ནས་སྨན་ཁང་དུ་བསྐྱེལ་དགོས་བྱུང་འདུག
གནས་ཚུལ་ངོ་སྤྲོད་པས་བརྗོད་ན། གོང་གི་བཱ་ཡན་གཞི་རྩ་སྡེ་བ་ནི་བོད་རིགས་སྡེ་བ་དང་། མཐར་དགའ་སྡེ་བ་ནི་ཁ་ཆེ་ཡིན་པ་རེད་འདུག་ལ་སྡེ་བ་དེ་གཉིས་རྒྱ་ནག་གིས་ཆ་བགོས་བྱས་བའི་མཚོ་སྔོན་ཞིང་ཆེན་མཚོ་ཤར་བཱ་ཡན་ཁ་ཆེ་རང་སྐྱོང་རྫོང་ཁོངས་ཡིན་པ་རེད།
གསར་འགོད་པ་ཀླུ་འབུམ།