བལ་ཡུལ་དམག་དཔོན་རྒས་ཡོལ་གཏང་རྒྱུར་བཀག་འགོག་བྱས་པ།
2009.03.25
༄༅༎བལ་ཡུལ་ནང་མའོ་གྱེན་ལོག་ཤོག་ཁག་གིས་སྣེ་ཁྲིད་པའི་མནའ་འབྲེལ་གྱི་གཞུང་གིས་དཔོན་བརྒྱད་རྒས་ཡོལ་གཏང་རྒྱུའི་བཀོད་ཁྱབ་གནང་བ་དེ་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བཀག་འགོག་བྱས་ཡོད་པའི་གནས་ཚུལ་ཐོན་འདུག
གཡོན་ཕྱོགས་པའི་མའོ་ཤོག་ཁག་དང་དེ་སྔའི་གཞུང་གི་དམག་མིའི་དབར་དབང་ཆའི་འཐབ་རྩོད་ཇེ་སྡུག་ཏུ་འགྲོ་ཡི་ཡོད་པའི་རྣམ་པར་བདུན་ཕྲག་སྔོན་མ་གཞུང་གསར་པའི་སྲུང་སྐྱོབ་ལས་ཁུངས་ཀྱིས་དམག་སྤྱིའི་ཞུ་གཏུག་ལ་ལྟོས་མེད་ཀྱིས་དམག་དཔོན་བརྒྱད་རྒས་ཡོལ་དུ་གཏང་རྒྱུའི་བཀོད་ཁྱབ་བཏང་ཡོད་འདུག དེ་མ་ཐག་དམག་དཔོན་དེ་དག་གིས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཞུ་གཏུགས་བྱས་ཡོད་འདུག ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་གཞུང་ལ་དམག་དཔོན་དེ་དག་གི་ལས་ཀ་མཚམས་འཇོག་བྱ་རྒྱུའི་རྒྱུ་མཚན་ཚད་ལྡན་མེད་ལུགས་གསུངས་ཡོད་ལུགས་ཁྲིམས་ཁང་གི་མགྲིན་ཚབ་པ་ཧེ་མན་ཏ་ར་ལྦལ་གྱིས་འགྲེལ་བརྗོད་གནང་འདུག སྲུང་སྐྱོབ་ལས་ཁུངས་ཀྱིས་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཐག་གཅོད་གནང་བ་དེ་བསྐྱར་དུ་དགོངས་བཞེས་གནང་དགོས་པའི་འབོད་བསྐུལ་ཞུས་ཡོད་ལུགས་མགྲིན་ཚབ་པ་ཤི་རི་རྡར་པ་ར་སརྡ་པོཀ་རེལ་གྱིས་གསར་འགོད་པར་འགྲེལ་བརྗོད་གནང་འདུག རྩོད་གཞི་ལྟེ་བ་ནི་ད་ལྟའི་དམག་དཔོན་ཚོས་མའོ་གྱེན་ལོག་ཤོག་ཁག་གི་དམག་མི་ཟུར་པ་རྣམས་གཞུང་གི་དམག་མིའི་སྒྲིག་ཁོངས་འཛུལ་ཞུགས་བྱ་རྒྱུར་མོས་མཐུན་གནང་གི་མེད་པ་དེ་ཡིན་པ་རེད༎