མའོ་ཚོགས་པས་སྲིད་འཛིན་དང་པོ་དེ་ངོས་ལེན་བྱས་མེད་པ།
2008.07.22
༄༅༎རེས་གཟའ་ཟླ་བའི་ཉིན་བལ་ཡུལ་གྱི་ལྷོ་ཕྱོགས་ཁུལ་དུ་ཡོད་པའི་ མ་རྡེ་སི་ གྲངས་ཉུང་མི་རིགས་ཡིན་པ་སྨན་པ་ རམ་སྦ་རན་ཡ་རྡལྦ་ སྲིད་འཛིན་དང་པོར་འོས་འདེམས་བྱས་པར་བརྟེན་བལ་ཡུལ་གྱི་མའོ་དམར་ཤོག་ཚོགས་པས་ངོས་ལེན་བྱེད་ཀྱི་མེད་པ་རེད།
མའོ་དམར་ཤོག་ཚོགས་པའི་འགོ་ཁྲིད་ པར་ཅན་རྡ་ཡིས། རེས་གཟའ་ཟླ་བའི་ཉིན་གྲོས་ཚོགས་ཀྱིས་རྒྱལ་ཁབ་ཀྱི་སྲིད་འཛིན་འོས་འདེམས་བྱེད་པའི་སྐབས་མའོ་དམར་ཤོག་ཚོགས་པས་རྒྱབ་སྐྱོར་བྱེད་པའི་སྲིད་འཛིན་གྱི་འོས་མིར་གྲོས་ཚོགས་ཀྱིས་ངོས་ལེན་མ་གནང་བར་བརྟེན་ནས་དམར་ཤོག་ཚོགས་པ་གཞུང་གསར་པའི་ནང་མཉམ་ཞུགས་བྱ་རྒྱུ་མིན་པའི་ཐག་གཅོད་བྱས་པའི་སྐོར་གསུངས་ཡོད་པ་རེད། བལ་ཡུལ་གྱི་མའོ་དམར་ཤོག་ཚོགས་པ་ནི་གྲོས་ཚོགས་ནས་འཐུས་མི་མང་ཤོས་ཡིན་པ་དང་དམར་ཤོག་ཚོགས་པའི་ཚོགས་གཙོ་ པར་ཅན་རྡ་ རྒྱལ་ཁབ་གསར་པའི་སྲིད་བློན་བྱ་རྒྱུའི་རེ་བ་ཡོད་ཅིང༌། ཁ་སྔོན་བལ་ཡུལ་གྱི་གྲོས་ཚོགས་ཐོག་ནས་མི་ལོ་ ༢༣༩ ལྷག་གི་ལོ་རྒྱུས་ལྡན་པའི་རྒྱལ་བརྒྱུད་རིང་ལུགས་རྩ་མེད་བཟོས་ཏེ་དམངས་གཙོ་མནའ་སྦྲེལ་སྤྱི་མཐུན་རྒྱལ་ཁབ་ཏུ་དབུ་བརྙེས་པའི་རྗེས་སྲིད་འཛིན་དང་པོ་འོས་བསྡུ་བྱས་པ་དེ་ནི་ཐེངས་དང་པོ་གྲོས་ཚོགས་ཀྱི་གལ་ཆེའི་ཐག་གཅོད་ཅིག་ཡིན་པ་རེད།