མི་ཚེ་དོན་དང་ལྡན་པ།
2013.04.16

༄༅། །བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དེང་སྐབས་སུད་སི་ནང་ཞབས་སོར་བཀའ་དྲིན་བསྐྱང་གནང་ཡོད་པ་ལྟར། ཕྱི་ཟླ་བཞི་པའི་ཚེས་༡༥ ཉིན་སུད་སི་གྲོང་ཁྱེར་Lausnne ནང་དུ་ཡོད་པའི་Lausanne མཐོ་རིམ་སློབ་གྲྭས་གོ་སྒྲིག་ཞུས་པའི་སེམས་ཁམས་རིག་པའི་མཁས་པའི་བགྲོ་གླེང་གྱི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་གནང་ཡོད་པ་རེད།
བགྲོ་གླེང་གི་ཚོགས་འདུ་དེའི་ཐོག ཚན་རིག་པ་དང༌། སྨན་པ། འཕྲོད་བསྟེན་ཆེད་ལས་པ། དངོས་ཁམས་རིག་པ་བ། དགེ་རྒན་དང་མཐོ་རིམ་སློབ་མ་བཅས་ཁྱོན་མི་གྲངས་ཆིག་སྟོང་ལྷག་འདུ་འཛོམས་བྱུང་བའི་ཐོག་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་དང། དོགས་འདྲི་ཁག་ལ་བཀའ་ལན་བསྕལ་གནང་ཡོད་ཅིང༌། དེ་ཡང་༧གོང་ས་མཆོག་གིས་བཀའ་སློབ་ཕེབས་དོན་ལ། ཁྱེད་ཚོ་འཇིག་རྟེན་དེའི་སྟེང་མི་ཚེ་གང་འདྲ་ཞིག་བསྐྱེལ་གྱི་ཡོད་ནའང་མི་ཚེ་དེ་དོན་དང་ལྡན་པ་ཞིག་དང་མི་གཞན་ལ་ཕན་ཐོགས་ཡོད་པ་ཞིག་བྱེད་དགོས་པ་རེད། འགྲོ་བ་མིའི་མི་ཚེའི་ནང་སྐྱེས་ནས་དར་མ་དང་དེ་ནས་རྒས་ཤིང་འཁོགས་པར་འགྱུར་འགྲོ་བ་ཆོས་ཉིད་ཡིན་ཞིང༌། ནམ་ཞིག་ཁྱེད་རང་རྒས་ཤིང་འཁོགས་པའི་དུས་སུ་སླེབས་པའི་མཚམས་དེར་ཁྱེད་རང་གི་ཚེ་སྟོད་ཀྱི་མེ་ཚེའི་རིང་ལ་དུས་ཚོད་རྣམས་ཆུད་ཟོས་སུ་བཏང་མེད་པ་དང་མི་ཚེ་དོན་དང་ལྡན་པ་ཞིག་བསྐྱལ་བའི་ཉམས་མྱོང་ཡོད་པ་དྲན་གསོ་དང་བློ་འགྱོད་མེད་པ་ཞིག་བྱ་དགོས་པའི་བཀའ་སློབ་ཕེབས་ཡོད་པ་རེད། དེ་རིང་ཕྱི་ཚེས་༡༦ ཉིན་སུད་སི་རྒྱལ་ས་Bern གྱི་གཙུག་ལག་སློབ་གྲྭའི་ནང་བཀའ་སློབ་སྕལ་རྒྱུ་དང༌། སུད་སི་གྲོས་ཚོགས་སུ་ཆིབས་བསྒྱུར་གྱི་མཛད་འཆར་ཡོད་པ་རེད། །