སྐུ་ཚབ་དོན་གཅོད་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གནད་ཡོད་མི་སྣ་ཚོས་ཨ་རིའི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་མཇལ་མོལ།
ཉེ་ཆར་ཨ་རིའི་ནང་གི་བོད་མི་ཚོས་འདི་ག་རྒྱལ་ས་ཝ་ཤིང་ཀྲོན་དུ་སོ་སོ་གནས་ཡུལ་ས་གནས་ཀྱི་གྲོས་ཚོགས་འཐུས་མི་དང་ལས་བྱེད་པའི་གཞུང་ལས་ཁང་དུ་བཅར་ནས་༢༠༢༣ ལོའི་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་བ་སྟབས་བསྟུན་གྱིས་འདི་ག་བྱང་ཨ་མི་རི་ཀའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གོ་སྐབས་དམ་འཛིན་གྱིས་དོན་གཅོད་རྣམ་རྒྱལ་ཆོས་སྒྲུབ་ལགས་དང་། རྒྱ་རིགས་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་སྤྱི་ཁྱབ་གཙོ་འཛིན་ཨ་རིའི་གློག་བརྙན་འཁྲག་སྟོན་པ་གྲགས་ཅན་སྐུ་ཞབས་Richard Gere མཆོག་གིས་དབུས་པའི་ཨ་རིའི་རྒྱལ་ཝ་ཤིང་ཊོན་གྱི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བར་བརྒལ་གཙོ་འཛིན་བུ་ཆུང་ཚེ་རིང་ལགས་དང་བར་བརྒལ་གཙོ་འཛིན་གཞོན་པ་བསྟན་ཆོས་རྒྱ་མཚོ་ལགས་བཅས་ནས་ད་རེས་ཕྱི་ཚེས་༢༨ ཉིན་ཟུར་དུ་། གྲོས་ཚོགས་འོག་མའི་ཚོགས་གཙོ་གསར་པ་སྐུ་ཞབས།Kevin McCarthy མཆོག་དང་། གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་Nancy Pelosi མཆོག དམངས་གཙོ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་Hakeem Jeffries བཅས་སོ་སོར་ཟུར་དུ་མཇལ་འཕྲད་ཞུས་ཏེ་། ཨ་རིའི་གྲོས་ཚོགས་ཀྱིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་གཏན་འབེབས་ཡོང་ཐབས་དང་། ད་ལྟ་བར་ཏུ་ཆབ་སྲིད་ཚོགས་པ་ཡོངས་ཀྱི་་གྲོས་ཚོགས་ཀྱི་འཐུས་མི་ཐོུང་གིས་བོད་དོན་རྒྱབ་སྐྱོར་གནང་བཞིན་པ་མུ་མཐུད་རྒྱུན་གནས་ཐུབ་ཐབས་དང་། གྲོས་ཚོགས་ཐོག་སྔར་བས་བོད་དོན་རྒྱབ་སྐྱོར་གྱི་ནུས་པ་ཤུགས་ཆེ་བ་ཡོང་ཐབས། བོད་ནང་དུ་རྒྱ་ནག་གཞུང་གིས་འཛིན་པའི་སྲིད་ཇུས་སོགས་སྐོར། གཞན་ཡང་ཨ་རིའི་གཞུང་གིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཐབས་ལམ་ཞི་བའི་གྲོས་མོལ་ཡིན་པ་ངོས་འཛིན་དང་རྒྱབ་སྐྱོར་གནང་བཞིན་པའི་ལངས་ཕྱོགས་སྔར་བས་ནུས་པ་ཆེ་རུ་ཡོང་ཐབས་བཅས། ཨ་རི་གཞུང་དང་གྲོས་ཚོགས་ཐོུང་གིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་གཙོས་པའི་ཕྱོགས་ཡོིངས་ཀྱི་བོད་དོན་ཐོག་རྒྱབ་སྐྱོར་སྔར་བས་གོང་འཕེལ་གཏོང་ཐབས་ཐད་ལ་བཀའ་མོལ་ཞུས་པའི་སྐོར་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་འབུམ་རམ་པ་རྣམ་རྒྱལ་ཆོས་གྲུབ་ལགས་ཀྱིས་ངོ་སྤྲོད་གནང་བྱུང་།
སྐབས་དེར་དབུ་ཁྲིད་རྣམ་གསུམ་ནས་ཀྱང་བོད་དོན་ཐོག་ལ་མཐའ་ཅིག་ཏུ་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་ཡོད་ལ། དམིགས་བསལ་བོད་དོན་ཐོག་ལ་ལོ་མང་ནས་མཐའ་ཅིག་ཏུ་རྒྱབ་སྐྱོར་གནང་མཁན་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་Nancy Pelosi དང་ལྷན་དུ་བོད་དོན་ཐད་ལས་དོན་སྤེལ་ཕྱོགས་བཀའ་བསྡུར་བྱུང་ཡོད་པའི་སྐོར་གསུངས་བྱུང་།
ཉེ་ཆར་ཕྱི་ཟླ་གཉིས་པའི་ནང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་འདི་ག་ཨ་རིའི་རྒྱལ་སར་ཕེབས་ཏེ་གྲོས་ཚོགས་འོག་མའི་ཚོགས་གཙོ་གསར་པ་དང་མཇལ་འཕྲད་སྐབས། གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚན་པས་བོད་དོན་སྐོར་ལ་གསན་ཞིབ་གནང་རྒྱུའི་ཞལ་བཞེས་གནང་བ་ལྟར། ད་རེས་ཕྱི་ཟླ་༣ཚེས་༢༧ དང་༢༨ ཉིན་གཉིས་རིང་བོད་དོན་ཞུ་གཏུག་གི་ལས་འགུལ་སྐབས་ཏེ། ཕྱི་ཚེས་༢༨ ཉིན་གྱི་སྔ་དྲོ་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚན་པས་བོད་དོན་སྐོར་གསན་ཞིབ་གནང་བ་དང་། ཉིན་རྒྱབ་ཏུ་བོད་དོན་ཁྲིམས་འཆར་ལ་རྒྱབ་སྐྱོར་གནང་མཁན་གྱི་གྲོས་ཚོགས་གོང་འོག་གི་འཐུས་མི་བཞིས་བོད་དོན་རྒྱབ་སྐྱོར་གྱི་གསལ་འགོད་གསལ་བསྒྲགས་བསྐྱངས་པ་སོགས་ཀྱི་གནས་ཚུལ་བྱུང་རིམས་སྐོར་མུ་མཐུད་ངོ་སྤྲོད་གནང་བྱུང་།
འདི་ལོའི་བོད་དོན་ཞུ་གཏུག་གི་ལས་འགུལ་གཙོ་བོ་ནི། ཨ་རིའི་གྲོས་ཚོགས་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་གཏན་འབེབས་ཡོང་ཐབས་སུ་གྲོས་ཚོགས་ཀྱི་འཐུས་མི་ཚོར་རེ་སྐུལ་ཞུས་པ་དང་ཆབས་ཅིག ཨ་རིའི་གྲོས་ཚོགས་གོང་འོག་ནང་བོད་དོན་ཐོག་སྔར་ལྷག་རྒྱབ་སྐྱོར་ཡོང་ཐབས་སོགས་ཐོག་ཤུགས་སྣོན་དང་འབོད་སྐུལ་ཞུས་པ་དང་། ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཚོར་བོད་དོན་ཞུ་གཏུག་གམ་བོད་དོན་རྒྱབ་སྐྱོར་ཡོང་བའི་རེ་སྐུལ་ཞུ་བའི་ལས་གཞི་དེ་ནི་༢༠༠༩ ལོར་འགོ་བཙུགས་ནས་ད་བར་ལོ་ལྟར་བཞིན་ཨ་མི་རི་ཀའི་ས་གནས་ཁག་གི་བོད་མི་རྣམས་ཨ་རིའི་རྒྱལ་སར་འདུ་འཛོམས་ཀྱིས་སོ་སོའི་མངའ་སྡེའི་གྲོས་ཚོགས་ཀྱི་འཐུས་མིའི་གཞུང་ལས་ཁང་དུ་བཅར་ནས་བོད་དོན་རྒྱབ་སྐྱོར་གྱི་རེ་སྐུལ་ཞུ་བཞིན་ཡོད་པ་ལྟར་འདི་ལོའི་ལས་དོན་དེ་ནི་ཕྱི་ཟླ་༣ཚེས་༢༧ དང་༢༨ ཉིན་གཉིས་རིང་ལ་ཨ་མི་རི་ཀའི་ས་གནས་དྲ་མིན་ནས་མི་གྲངས་༡༥༠ ལྷག་ནས་མཉམ་ཞུགས་གནང་ཡོད་པ་རེད་འདུག།
གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།