རྒྱ་མིས་གཏེར་ཁ་བསྔོག་རྩིས་བྱས་པར་བོད་མིས་ངོ་རྒོིལ།

མདོ་སྨད་མགོ་ལོག་དགའ་བདེའི་གཙང་སྐོར་ཞོལ་མའི་གནས་རི་གྲགས་ཅན་ཞིག་ནས་རྒྱ་མིས་གསེར་གྱི་གཏེར་ཁ་བསྔོག་རྩིས་བྱས་འདུག འོན་ཀྱང་རྒྱ་ནག་གི་བྱ་སྤྱོད་དེར་ས་གནས་མང་ཚོགས་ཀྱིས་ངོ་རྒོལ་གནང་བཞག

2012.08.30

༄༅།   །འདི་ག་རླུང་འཕྲིན་ཁང་ལ་མགོ་ལོག་ནས་ཡིན་པའི་བོད་མི་ཞིག་གིས་ཁུངས་ལྡན་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཚེས་ ༡༠ ཡས་མས་ཤིག་ལ། རྒྱ་མི་གསེར་གྱི་གཏེར་ཁ་བསྔོག་འདོན་པ་ཁ་ཤས་མགོ་ལོག་དགའ་བདེ་གཙང་སྐོར་ཞོལ་མའི་རི་ཆེན་དང་པོའི་གནས་རི་གྲགས་ཅན་མགྲིན་རྒྱས་སྔོ་ཟོར་མ་ཞེས་བའི་རྫ་འདབ་ཀྱི་མགྲིན་རྒྱས་དེའུ་ལུ་ཞེས་པའི་ལུང་པ་ཞིག་ཡོད་པ་དེར་འབྱོར་ནས་གཏེར་ཁ་བསྔོག་རྩིས་བྱས་པ་དང་། དེ་རྗེས་ས་གནས་གཞི་རིམ་གྱི་འབྲེལ་ཡོད་དཔོན་རིགས་ཀྱིས། མང་ཚོགས་ལ་ཚོགས་འདུ་ཆུང་ཆུང་ཞིག་བསྡུས་ནས། འདི་རྒྱལ་ཁབ་ཀྱི་ལས་གཞི་ཞིག་རེད་ཅེས་བཤད་འདུག  ཚོགས་འདུ་གྲོལ་རྗེས་ཉིན་གཉིས་ཀྱི་རྗེས་སུ་མཚན་མོར་གསེར་བསྐོ་བ་རྣམས་ཀྱི་གུར་མེར་སྲེག་བཏང་འདུག་ཀྱང་། ཁོང་ཚོ་སྔ་ས་ནས་བྲོས་ཟིན་ཡོད་འདུག

ཁོང་ཚོར་ལྐོག་བརྡ་སྤྲོད་མཁན་དང་། མེ་གཏོང་མཁན་སུ་ཡིན་ད་དུང་ཤེས་རྟོགས་བྱུང་མེད་པ་རེད། ཟླ་བ་འདིའི་ཚེས་ ༡༤ ཉིན། གཙང་སྐོར་ཞོལ་མའི་རུ་ཆེན་བཞིའི་མི་མང་ཡོངས་རྫོགས་གནས་རི་མགྲིན་རྒྱས་སྔོ་ཟོར་མའི་འགྲམ་དུ་འཛོམས་ནས་རླུང་རྟ་གཏོར་བ་དང་བསངས་གསོལ་རྒྱ་ཆེ་གནང་ཡོད་པ་རེད།  དེ་རྗེས་སུ་དགའ་བདེ་རྫོང་གི་རྫོང་དཔོན་གཞོན་པ་ཞིག་དང་། འབྲེལ་ཡོད་གསེར་བསྐོ་རུ་ཁག་དེའི་འགོ་གཙོ་སླེབས་ནས། མི་མང་ལ་སློབ་གསོ་བྱས་ཏེ་གསེར་བསྐོ་བ་རྣམས་ལ་རྒྱབ་སྐྱོར་བྱེད་དགོས་ཚུལ་བཤད་ཀྱང་། མི་མང་གིས་མགྲིན་རྒྱས་སྔོ་ཟོར་མ་ང་ཚོའི་གནས་རི་ཡིན། འདི་འབྲོག་པའི་ཕྱུག་ལྷ་ཡིན། ང་ཚོ་འབྲོག་སྡེ་འདིས་བསྟེན་པའི་ཡིད་དམ། བསྒྲུབ་པའི་ཆོས་སྐྱོང་ཡིན་པས། གནས་རི་འདིའི་ཐོག་ནས་ས་ལག་མཐུལ་ཙམ་ཞིག་བསྐོ་མི་ཆོག རྡོ་མཐེབ་རྡོག་ཙམ་ཞིག་འཁྱེར་མི་ཆོག་ཅེས་བཤད་དེ་གཏན་ནས་ཁས་ལེན་གནང་མིན་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎