འབར་མའི་མང་གཙོ་ཚོཌ་པས་འོས་བསྡུར་མི་ཞུགས་པར་རྒྱབ་སྐྱོར།

འབར་མའི་རྒྱལ་ཡོངས་མང་གཙོ་ཚོགས་པས་ལོ་འདིའི་ནང་གཉེར་རྒྱུའི་རྒྱལ་ཡོངས་འོས་བསྡུའི་ནང་ཆ་ཤས་མི་བླང་རྒྱུའི་ཐག་གཅོད་ལ་རྒྱབ་སྐྱོར།

2010.03.30

༄༅༎འབར་མའི་རྒྱལ་ཡོངས་མང་གཙོ་ཚོགས་པས་ལོ་འདིའི་ནང་གཉེར་རྒྱུའི་རྒྱལ་ཡོངས་འོས་བསྡུའི་ནང་ཆ་ཤས་མི་བླང་རྒྱུའི་ཐག་གཅོད་ལ་ འབར་མའི་གྲོང་ཁྱེར་ཆེ་ཤོས་རྒྱལ་ས་རྙིང་པ་ཡང་གུན་གྱི་མི་སེར་མང་པོ་ཞིག་གིས་རྒྱབ་སྐྱོར་བྱེད་ཀྱི་ཡོད་ན་ཡང་ཁག་ཅིག་གིས་ཐག་གཅོད་དེས་ད་ཆ་དྲག་པོའི་གཞུང་གིས་གོ་སྒྲིག་འོག་གཉེར་རྒྱུའི་འོས་བསྡུ་དེའི་ནང་འདེམས་བྱའི་འོས་གཞིར་དྲག་པོའི་གཞུང་གི་འོས་མི་ལས་གཞན་སུ་ལ་ཡང་འོས་ཐོབ་པའི་གོ་སྐབས་མེད་པ་ཆགས་ལུགས་འགྲེལ་བརྗོད་བྱེད་བཞིན་ཡོད་པ་རེད།

གཟའ་ཟླ་བའི་ཉིན་འབར་མའི་སྲིད་དོན་ཁ་གཏད་ཚོགས་པ་རྒྱལ་ཡོངས་མང་གཙོ་ཚོགས་པས་ཡུལ་གྱི་ནང་ལོ་ངོ་ཉི་ཤུའི་རྗེས་གཉེར་རྒྱུའི་འོས་བསྡུ་དེའི་ནང་མཉམ་ཞུགས་མི་བྱེད་རྒྱུའི་ཡ་ཡུག་ཆེ་བའི་ཐག་གཅོད་ཅིག་བྱས་ཤིང་མང་གཙོ་ཚོགས་པར་ཕྱི་ལོ་༡༩༩༠ཐམ་པའི་ལོའི་འོས་བསྡུའི་སྐབས་མང་མོས་ཆེན་པོའི་རྒྱལ་ཁ་ཐོབ་ཡོད་ན་ཡང་དྲག་པོའི་དབང་འཛིན་པ་ཚོས་སྲིད་དབང་རྩིས་སྤྲོད་བྱས་མེད་པ་རེད།

རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁྲོད་དུ་དྲག་པོའི་གཞུང་གི་སྟངས་འཛིན་འོག་འདི་ལོ་འབར་མའི་ནང་གཉེར་རྒྱུའི་འོས་བསྡུའི་ལས་དོན་གྱི་ཐད་སྐྱོན་བརྗོད་བྱེད་མཁན་མང་དག་ཅིག་ཡོད་ལ་ད་ཆ་སྲིད་དོན་ཚོགས་པ་ཆེ་ཤོས་རྒྱལ་ཡོངས་མང་གཙོ་ཚོགས་པ་འོས་བསྡུའི་ནང་མཉམ་ཞུགས་མི་བྱེད་རྒྱུའི་ཐག་གཅོད་བྱས་པ་དེས་འོས་བསྡུའི་ལས་རིམ་ཐོག་ཕྱི་ཕྱོགས་ནས་གདེང་འཇོག་བྱ་རྒྱུའི་རེ་བ་ད་དུང་ཆུང་དུ་བཏང་ཡོད་པ་རེད།

བཟང་བཙོན་འོག་ཡོད་པ་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུ་འཁྲིད་ནོ་བེལ་ཞི་བདེའི་བྱ་དགའ་བཞེས་མཁན་ལྕམ་ཨང་སང་སུ་ཅི་མཆོག་ནས་གཟའ་འཁོར་སྔོན་མར་དྲག་པོའི་གཞུང་གིས་འོས་བསྡུའི་ཁྲིམས་ཡིག་གསར་པ་གཏན་འབེབས་བྱས་པ་དེ་དག་ནི་མང་གཙོ་དང་མ་མཐུན་པ་ཞིག་ཡིན་སྟབས་འོས་བསྡུའི་ནང་མཉམ་ཞུགས་མི་བྱེད་པའི་ལས་འགུལ་སྤེལ་དགོས་པའི་དགོངས་ཚུལ་བཏོན་ཡོད་པ་དང་དེར་འབར་མའི་མང་གཙོ་ཚོགས་པའི་དབུས་རྒྱུན་ལས་ཀྱི་ཚོགས་མི་བརྒྱ་དང་བཅུ་གསུམ་ཚང་མས་རྒྱབ་སྐྱོར་གྱི་མིང་རྟགས་བཀོད་ཡོད་པ་རེད།

གནད་དོན་འདིའི་ཐད་འབར་མའི་སྲིད་དོན་མི་སྣ་རྒན་གྲས་ཐ་ཀིན་ཆན་ཏུན་གྱིས་འབར་མའི་ནང་གི་མི་མང་ཆེ་བས་སུ་ཅིར་གུས་བརྩི་ཆེན་པོ་ཡོད་སྟབས་ཁོང་གི་ཐག་གཅོད་ལ་རྒྱབ་སྐྱོར་ཞུ་གི་རེད་ དེར་བརྟེན་རྒྱལ་ཡོངས་འོས་བསྡུ་འདི་ཁྲིམས་མཐུན་ཅན་ཞིག་ཆགས་རྒྱུ་དང་བརྩི་བཀུར་ཡོང་རྒྱུའི་ནུས་པར་ཉམས་ཆགས་ཆེན་པོ་གཏོང་གི་རེད་ཅེས་གསུངས་འདུག

འོན་ཀྱང་དེར་མོས་མཐུན་མི་བྱེད་མཁན་ཡང་ཡོད་ཅིང་དཔེར་ན་མཐོ་རིམ་སློབ་གྲའི་དགེ་རྒན་ཞིག་གིས་མང་གཙོ་ཚོགས་པ་འོས་བསྡུའི་ནང་མི་ཞུགས་རྒྱུའི་ཐག་གཅོད་བྱས་པ་དེ་ནི་ཤིན་ཏུ་ནས་སྟབས་མི་ལེགས་པ་ཞིག་རེད། ད་ང་ཚོས་སུར་འོས་ཤོག་འཕེན་དགོས་ཀྱི་རེད་ཅེས་གསུངས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎