ཨ་རིར་གནས་སྡོད་བོད་མིའི་གྲོང་ཚོ་ཞིག་འཛུགས་བསྐྲུན་འཆར།
2009.09.11
༄༅༎ཨ་མི་རི་ཀའི་གྲོང་ཁྱེར་ནིའུ་ཡོག་གམ་ནིའུ་ཇར་སི་ས་གནས་ནང་དུ་བོད་མི་ཁ་ཐོར་མ་ཡིན་པར་མཉམ་དུ་གནས་སྡོད་བྱེད་ཡུལ་གྱི་བོད་མིའི་གྲོང་ཚོ་གསར་པ་ཞིག་འཛུགས་སྐྲུན་བྱ་རྒྱུའི་འཆར་གཞི་ཡོད་ཅིང་ལས་དོན་གྱི་འཆར་གཞི་དེ་ནི་བོད་མིའི་ཁང་པའི་ལས་ཁུངས་ཀྱིས་འཛུགས་སྐྲུན་དང་འཆར་འགོད་བྱ་རྒྱུ་དང་དེའི་ཐོག་ལ་གྲོང་ཁྱེར་ནིའུ་ཡོག་ཏུ་ཡོད་པའི་བཙན་བྱོལ་བོད་གཞུང་དོན་གཅོད་ཁང་ནས་དགོས་ངེས་ཀྱི་མཐུན་འགྱུར་སྦྱར་རྒྱུ་དང་སློབ་སྟོན་གནང་རྒྱུ་ཡིན་པ་རེད།
དེ་ཡང་བོད་མི་མང་པོ་ཞིག་ཨ་མི་རི་ཀའི་ས་ཁུལ་མང་པོའི་ནང་གནས་སྡོད་བྱེད་མཁན་ཡོད་པའི་ནང་ནས་གྲོང་ཁྱེར་ནིའུ་ཡོག་དང་ནིའུ་ཇར་སི་གཉིས་ནི་བོད་མི་མང་ཤོས་གནས་སྡོད་བྱེད་ཡུལ་ཞིག་ཡིན་ཞིང་དེར་བརྟེན་བོད་མི་རྣམས་ཁ་ཐོར་ཏུ་གནས་མི་དགོས་པར་བོད་མི་རྣམས་མཉམ་དུ་གྲོང་ཚོ་གཅིག་ནང་གནས་རྒྱུ་ཁང་པ་འཛུགས་སྐྲུན་བྱས་ཏེ་ཁང་པ་རེ་རེའི་ནང་ཁང་མིག་གཉིས་སམ་གསུམ་བྱས་པ་གསར་རྒྱག་བྱས་པའི་རྗེས་བོད་མི་སྒེར་སོ་སོར་ཚོང་འགྱུར་བྱ་རྒྱུའི་འཆར་གཞི་ཡོད་པ་རེད།
སྡོད་ཁང་འཛུགས་སྐྲུན་གྱི་ལས་གཞི་དེའི་འཆར་འགོད་ནང་དུ་དེང་རབས་ཀྱི་བོད་མིའི་སྡོད་སྒར་ཞིག་འཛུགས་སྐྲུན་བྱ་རྒྱུའི་དམིགས་ཡུལ་བཅངས་ཡོད་པ་མ་ཟད་སྡོད་སྒར་དེའི་ནང་དུ་ལྷ་ཁང་ངམ་དགོན་པ་འཛུགས་སྐྲུན་དང་ཕྲུ་གུ་སློབ་ལོ་མི་ཟིན་པ་རྣམས་ཉིན་མོ་བལྟ་རྟོགས་བྱེད་ཡུལ་དེ་བཞིན་བོད་མིའི་འཕྲོད་བསྟེན་ལ་དམིགས་པའི་ལུས་རྩལ་རྩེད་ཁང་ རྐང་རྩེད་པོ་ལོའི་རྩེད་ཐང་ དཔེ་མཛོད་ཁང་བཅས་འཛུགས་སྐྲུན་བྱ་རྒྱུའི་ལས་གཞི་ཞིག་ཡིན་པ་རེད། ལས་གཞི་གཞི་རྒྱ་ཆེན་པོ་དེའི་དམིགས་ཡུལ་གཙོ་བོ་ནི་བོད་མི་རྣམས་འདི་ག་ཨ་མི་རི་ཀའི་ནང་དུ་རང་མི་རིགས་ཀྱི་ཐོུང་མ་ཡིན་པའི་རིག་གཞུང་དང་ངོ་བོ་ སྐད་ཡིག་སྲུང་སྐྱོབ་བྱ་རྒྱུར་འབད་བརྩོན་གང་ཐུབ་བྱེད་བཞིན་ཡོད་ཀྱང་བོད་མིའི་རིག་གཞུང་སོར་གནས་ཐུབ་པའི་བྱེད་སྒོ་རིགས་ཧ་ཅང་གི་ཉུང་ཉུང་ཡིན་པ་མ་ཟད་བོད་མི་རྒན་པ་ནང་ཁུལ་ཡིན་ནའང་འདྲ་བུ་ཕྲུག་ནང་ཁུལ་གཅིག་གི་གཅིག་ཕན་ཚུན་འབྲེལ་ལམ་ལྟ་བུ་ཧ་ཅང་ཉུང་བ་སོག་སལ་བརྟེན་ནས་བོད་ཕྲུག་གཞོན་སྐྱེས་ཚོའི་ཁྲོད་དུ་བོད་མིའི་རིག་གཞུང་དང་སྐད་ཡིག ངོ་བོ་རྩ་བརླག་ཏུ་འགྲོ་རྒྱུའི་ཉེན་ཁ་མཐོང་བཞིན་ཡོད་པ་བརྟེན་བོད་མི་རྒན་གྲས་ཚོའི་ངོས་ནས་ད་ཆ་བོད་མི་མཉམ་རུབ་ཐུབ་པའི་གྲོང་ཚོ་ཞིག་དགོས་གལ་ཆེ་བའི་འདོད་འདུན་བཅངས་མཁན་ཇེ་མང་དུ་འགྲོ་བར་བརྟེན་ནས་བོད་མི་རིགས་ཀྱི་རིག་གཞུང་དང་ངོ་བོ་ སྐད་ཡིག་སྲུང་སྐྱོབ་བྱ་རྒྱུའི་ཆེད་དུ་དམིགས་པའི་ལས་གཞི་ཞིག་ཡིན་པའི་སྐོར་གནས་ཚུལ་སྤེལ་ཡོད་པ་རེད།