བོད་ཟས་མོག་མོག་གི་འགྲན་བསྡུར།
2017.11.06

བོད་ཟས་མོག་མོག་གི་འགྲན་བསྡུར་ཐེངས་དྲུག་པ་དེ་གོ་སྒྲིག་ཞུས་ནས་དེའི་ཐོག་ནས་བྱུང་པའི་དངུལ་གྱི་ཡོང་འབབ་བོད་རང་བཙན་སློབ་ཕྲུག་ཚོགས་པར་འབུལ་རྒྱུ་ཡིན་འདུག
འདི་ག་རླུང་འཕྲིན་ཁང་གི་ས་གནས་གསར་འགོད་པ་བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་གནས་ཚུལ་བཏང་བ་ལྟར་ན། བོད་མི་དང་། བལ་པོ། རྒྱ་གར། Bangladesh སོགས་ལྷོ་ཨེ་ཤ་ཡའི་ཁུལ་གྱི་ཟ་ཁང་མང་ཤོས་ཡོད་སའི་ནིའུ་ཡོག་གྲོང་ཁྱེར་གྱི་Jackson Height ས་ཁུལ་ཏུ་སྤྱི་ཚེས་༥་རེས་གཟའ་ཉི་མའི་ཉིན་མོག་མོག་Crawl འམ་བོད་ཟས་མོག་མོག་རྩེད་ཕུད་ཀྱི་འགྲན་བསྡུར་ཞིག་གོ་སྒྲིག་གནང་ཡོད་ཅིང་། སྐབས་དེར་མོག་མོག་བྲོ་བ་ཆེ་ཤོས་ཀྱི་འགྲན་བསྡུར་དེའི་ནང་ཟ་ཁང་༢༥ཙམ་ནས་མཉམ་ཞུགས་གནང་ཡོད་འདུག་པ་དང་། མང་ཚོགས་ནས་འོས་འཕེན་ཏེ་མཐའ་མའི་རྒྱལ་ཁ་དེ་ཟ་ཁང་འོས་མང་ཤོས་ཐོབ་མཁན་དེར་རྩེད་ཕུད་ཀྱི་གཟེངས་རྟགས་ཐོབ་གི་ཡོད་ཅིང་། ཡིན་ནའང་མང་ཚོགས་ངོས་ནས་འོས་བསྡུའི་དེའི་ནང་མཉམ་ཞུགས་གནང་ཆེད་ཨ་སྒོར་༡༠རེའི་ལག་འཁྱེར་ཞིག་ཉོས་ཏེ་འོས་འཕེན་རྒྱུའི་གོ་སྐབས་ཐོབ་ཀྱི་ཡོད་པ་དང་། ལག་འཁྱེར་ཚོང་འབྲེལ་ནས་བྱུང་པའི་དངུལ་གྱི་ཡོང་འབབ་ཆ་ཚང་བོད་རང་བཙན་སློབ་ཕྲུག་ཚོགས་པར་གནང་རྒྱུ་ཡིན་འདུག
སྤྱི་ལོ་༢༠༡༢་ལོར་ཇེ་ཧྥུ་ ཨོ་ལེས་ ཞུ་བ་ཕྱི་རྒྱལ་མི་རིགས་ཡིན་པ་ཁོང་གིས་Jackson Heights དུ་མོག་མོག་Crawl གི་འགྲན་བསྡུར་དེ་བཞིན་ཐོག་མར་འགོ་བཙུགས་ཀྱིས་ད་ལོ་ཐེངས་དྲུག་པ་དེ་ཆགས་ཀྱི་ཡོད་པ་རེད། འོན་ཀྱང་ཇ་ཧྥུ་ ཨོ་ལེས་ལགས་ནས་ཁོང་མི་སྒེར་གཅིག་གིས་ལས་རིམ་དེ་ལྟ་བུ་གོ་སྒྲིག་བྱས་ཏེ་ལོ་ལྔ་ཙམ་ཕྱིན་ནས་འདི་ལོ་ནས་བཟུང་ཁོང་གིས་མང་ཚོགས་ཀྱིས་ཧ་ཅང་དགའ་མོས་གནང་པའི་ལས་རིམ་དེ་བོད་རང་བཙན་སློབ་ཕྲུག་ཚོགས་པར་རྩིས་སྤྲོད་གནང་རྒྱུ་ཡིན་པ་གསུངས་ཡོད་འདུག
སྐབས་དེར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་ངེས་སྟོན་པ་ཨུ་རྒྱན་ལགས་ནས་ད་བར་ཀྱི་ལས་འགུལ་དེ་གོ་སྒྲིག་གནང་མཁན་ ཇེ་ཧྥུ་ ཨོ་ལེས་ལགས་ལ་ཐུགས་རྗེ་ཆེ་ཞུ་བ་དང་། ལས་རིམ་ནང་མཉམ་ཞུགས་གནང་མཁན་ཚོ་ཕྱོགས་གཞན་ཅིག་ནས་བོད་པའི་རྩ་དོན་ལའང་ཕན་ཐོགས་ཀྱི་ཡོད་པ་འགྲེལ་བརྗོད་གནང་འདུག ཆུ་ཚོད་གཉིས་ཙམ་རིང་མང་ཚོགས་ནས་ཟ་ཁང་འདྲ་མིན་གྱི་མོག་མོག་གི་བྲོ་བ་མྱངས་རྗེས་མཐའ་མའི་འོས་འཕེན་པའི་གྲུབ་འབྲས་སུ་༢༠༡༧ལོའི་མོག་མོག་རྩེད་ཕུད་ཀྱི་གཟེངས་རྟགས་དེ་བཞིན་བལ་ཡུལ་གྱི་ཟ་ཁང་བམ་ཆ་ཁ་ཞེས་པ་དེར་ཐོབ་ཡོད་འདུག
གསར་འགོད་པ་གུ་རུ་ཆོས་སྐྱིད།