སོག་ཡུལ་ནས་གཏེར་ཁ་དབོར་འདྲེན་བྱེད་པའི་རི་ལིའི་ལྕགས་ལམ།
2010.06.25
༄༅༎སོག་པོའི་གྲོས་ཚོགས་ནས་སོག་པོ་ནས་གཏེར་ཁ་བསྔོག་འདོན་གྱི་དབོར་འདྲེན་རི་ལིའི་ལམ་ཁ་ར་ཤི་ཡའི་ས་མཚམས་དང་འཐུད་རྒྱུའི་གྲོས་གཞིར་གྲོས་ཐག་བཅད་ཡོད་པ་དང་ ཀི་ལོ་མི་ཌར་༡༡༠༠ཙམ་རིང་ཚད་ཡོད་པའི་རི་ལིའི་ལྕགས་ལམ་དེ་བཞིན་ཀྲ་ལྦན་ཀྲོལ་གོ་ཨི་ས་གནས་ནས་ར་ཤིའི་ས་མཚམས་སུ་འབྲེལ་འཐུད་བྱ་རྒྱུ་ཡིན་པ་དང་ རི་ལིའི་ལྕགས་ལམ་གསར་སྐྲུན་གྱི་ལས་གཞི་དེ་བཞིན་རྒྱལ་སྤྱིའི་ནང་རི་ལིའི་ལྕགས་ལམ་བཟོ་མཁན་ཁེ་ལས་དབར་འགྲན་བསྡུར་བྱས་ནས་བདམས་པའི་ཁེ་ལས་དེར་སྤྲོད་རྒྱུ་ཡིན་པ་སོག་པོའི་ནང་སྲིད་བློན་ཆེན་ནས་གསུང་འདུག
སོག་པོའི་ནང་རང་འབྱུང་གི་གཏེར་ཁ་ཕུན་སུམ་ཚོགས་པ་ཡོད་པ་དང་ ཡིན་ནའི་ས་གནས་མི་མང་ཚོའི་འཚོ་བའི་གནས་སྟངས་ཞན་པོ་ཡོད་པར་བརྟེན་ མང་ཚོགས་ཀྱི་གནས་སྟངས་ཡར་རྒྱས་གཏོང་རྒྱུའི་ཆེད་སོག་པོ་གཞུང་གིས་རང་འབྱུང་གི་གཏེར་དངོས་བསྔོག་འདོན་བྱ་རྒྱུའི ཐག་གཅོད་བྱུང་ཡོད་པ་དང་ ཉེ་བའི་ཆར་སོག་པོའི་ནང་གསེར་གྱི་གཏེར་ཁ་ཕོན་ཆེ་ཡོད་པ་ཤེས་རྟོགས་བྱུང་ཡོད་པར་འཛམ་གླིང་རྒྱལ་ཁབ་བཅུ་གྲངས་ཀྱིས་གཏེར་ཁ་བསྔོག་འདོན་བྱ་རྒྱུའི་རེ་བ་བྱེད་བཞིན་ཡོད་པ་དང་ དེ་ཚོའི་ཁྲོད་ནས་སོག་པོ་དང་ཐག་ཉེ་ཤོས་ཀྱི་རྒྱལ་ཁབ་རྒྱ་ནག་གིས་སོག་པོའི་ནང་གི་གཏེར་དངོས་བསྔོག་འདོན་བྱ་ཐབས་འབད་བརྩོན་ཤུགས་ཆེ་བྱེད་བཞིན་ཡོད་པ་མ་ཟད་ སོག་པོ་ནས་ཕྱིར་འདྲེན་དངོས་ཟོག་མང་པོ་ཞིག་རྒྱ་ནག་ནང་ནང་འདྲེན་བྱེད་བཅུག་གི་ཡོད་ཀྱང་ རྒྱ་ནག་དང་སོག་པོའི་ས་མཚམས་དབར་རིང་ཚད་ཀི་ལོར་མི་ཌར་༢༠༠ཙམ་ལས་མེད་ཀྱང་སོག་པོའི་གྲོས་ཚོགས་ནས་སོག་པོའི་རང་བྱུང་གཏེར་ཁའི་རིགས་དབོར་འདྲེན་རི་ལིའི་ལྕགས་ལམ་དེ་རྒྱ་ནག་དང་འབྲེལ་འཐུད་མ་བྱས་པར་ར་ཤི་ཡའི་ས་མཚམས་དང་འཐུད་རྒྱུའི་ཐག་གཅོད་བྱས་ཡོད་པ་མ་ཟད་སོག་པོ་གཞུང་གིས་རང་འབྱུང་གི་གཏེར་དངོས་དེ་ཚོ་རྒྱ་ནག་ལས་ཉི་ཧོང་དང་ལྷོ་ཀུ་རི་ཡར་ཚོང་རྒྱུའི་འདོད་པ་ཆེ་བ་བྱེད་བཞིན་ཡོད་པ་རེད་