རྟ་ལྦང་དགོན་པའི་ནང་༸གོང་ས་མཆོག་གི་ཆེད་ཞབས་རིམ།
2009.09.20
༄༅༎རྒྱ་གར་གྱི་མངའ་སྡེ་ཨ་རུ་ན་ཅལ་པཱར་རྡེཤ་ནང་གི་མོན་རྟ་ལྦང་ཁུལ་དུ་ཡོད་པའི་མི་ལོ་བཞི་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པའི་ནང་པའི་དགོན་པར་དགེ་འདུན་པ་དང་བཙུན་མ་བརྒྱ་ཕྲག་འདུ་འཛོམས་ཀྱིས་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རིང་མིན་ཕྱི་ཟླ་བཅུ་གཅིག་པའི་ནང་མོན་རྟ་ལྦང་ཁུལ་དུ་ཆིབས་བསྒྱུར་བསྐྱང་རྒྱུར་དམིགས་བསལ་གྱི་ཆོས་ཕྱོགས་ཀྱི་བྱེད་སྒོ་འགོ་བཙུགས་གནང་ཡོད་པ་རེད།
བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་བཅུ་གཅིག་པའི་ནང་ཆིབས་བསྒྱུར་བསྐྱང་ཡུལ་རྒྱ་གར་གྱི་མངའ་འོག་ཏུ་ཡོད་པའི་མོན་རྟ་ལྦང་གི་ས་ཁུལ་དེའི་ནང་གི་དགོན་སྡེ་དེ་ནི་ལོ་རྒྱུས་རིང་པོ་ལྡན་པའི་བོད་ཀྱི་ཤུལ་བཞག་དགོན་སྡེ་ཞིག་ཡིན་པ་དང་ལྷག་པར་དུ་ས་ཁུལ་དེ་ནི་འདས་པའི་མི་ལོ་བཅུ་ཕྲག་འགའ་ཤས་དེའི་རིང་ལ་རྒྱ་གར་དང་རྒྱ་ནག་གཉིས་བར་ལ་བདག་དབང་གི་རྩོད་གཞི་ཡོད་པའི་ས་མཚམས་ས་ཁུལ་ཞིག་ཡིན་པ་རེད། རྒྱ་ནག་ཕྱོགས་ནས་རྒྱ་གར་གྱི་ཨ་རུ་ན་ཅལ་པཱར་རྡེཤ་ནང་དུ་ཡོད་པའི་མོན་རྟ་ལྦང་གི་ས་ཆ་དེ་ནི་རྒྱ་ནག་གི་ཆ་ཤས་ས་ཁུལ་ཞིག་ཡིན་པ་ཤོད་པ་མ་ཟད་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ས་ཁུལ་དེའི་ནང་དུ་ཆིབས་བསྒྱུར་བསྐྱང་རྒྱུར་མཐའ་ཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད་ཅིང་དེར་བརྟེན་རྟ་ལྦང་དགོན་པའི་སློབ་དཔོན་བླ་མ་ལགས་ཞུ་བས་གསར་འགོད་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྟ་ལྦང་ཁུལ་དུ་ཆིབས་བསྒྱུར་བསྐྱང་རྒྱུར་རྩོད་གཞི་ཡོང་གི་ཡོད་པར་བརྟེན་ནས་༸གོང་ས་མཆོག་གི་ཆིབས་བསྒྱུར་ལ་འགོག་རྐྱེན་དང་འགལ་རྐྱེན་རིགས་མི་ཡོང་བའི་ཆེད་དུ་སྨོན་ལམ་གསོལ་འདེབས་ཀྱི་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་བཞིན་ཡོད་པ་དང་བཙུན་མ་ཚོས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདི་གར་ཆིབས་བསྒྱུར་བསྐྱང་བའི་རིང་ལ་དམིགས་བསལ་གྱི་ཆོས་ཕྱོགས་ཀྱི་བྱེད་སྒོ་འགའ་ཞིག་སྤེལ་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་པའི་སྐོར་གསུངས་ཡོད་པ་རེད། གཟའ་འཁོར་འདིའི་ནང་དུ་རྟ་ལྦང་ཁུལ་གྱི་ཉེ་ཁྲིད་དུ་ཡོད་པའི་དགོན་པ་ཞིག་གི་དགེ་འདུན་པ་ཉིས་བརྒྱ་ལྷག་གིས་དམིགས་བསལ་གྱི་ཆོས་ཕྱོགས་བྱེད་སྒོ་སྤེལ་རྒྱུའི་འཆར་གཞི་ཡོད་པ་དང་ད་དུང་འབུམ་སྡེ་ལ་ནས་དགེ་འདུན་པ་ཉིས་བརྒྱ་ལྔ་བཅུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕེབས་བསུ་ཞུ་བར་རྟ་ལྦང་དུ་ཆེད་བཅར་ཞུ་གི་ཡོད་ཅིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ད་རེས་རྟ་ལྦང་ཁུལ་དུ་ཆིབས་བསྒྱུར་བསྐྱང་རྒྱུ་དེ་ནི་དེ་སྔ་ཕྱི་ལོ་༡༩༥༩ལོར་རྒྱ་གར་དུ་བཙན་བྱོལ་དུ་རྟ་ལྦང་བརྒྱུད་ཆིབས་བསྒྱུར་བསྐྱང་སྟེ་ད་བར་མི་ལོ་ལྔ་བཅུ་རྒྱ་གར་ནང་བཙན་བྱོལ་དུ་བཞུགས་པའི་རིང་ལ་རྟ་ལྦང་ཁུལ་དུ་ཆིབས་བསྒྱུར་གནང་བ་ཐེངས་ལྔ་པ་དེ་ཡིན་པ་དང་ད་རེས་རྟ་ལྦང་ཁུལ་དུ་ཆིབས་བསྒྱུར་ཐེངས་ལྔ་པ་དེའི་རིང་ལ་ཆོས་ཕྱོགས་ཀྱི་མཛད་འཕྲིན་གཙོ་བོར་འགྱུར་བའི་དེང་དུས་ཀྱི་སྨན་ཁང་ཞིག་ཀྱང་དབུ་འབྱེད་གནང་རྒྱུའི་མཛད་འཆར་ཁག་ཡོད་པ་རེད།