ཨ་རིའི་གྲོས་ཚོགས་འོག་མའི་རྒྱ་ནག་ལས་དོན་ཐད་ཀྱི་ཆེད་འཛུགས་ཚོགས་ཆུང་གི་འགན་འཛིན་གྱིས་རྒྱ་ནག་གི་རྒྱལ་མཚམས་བརྒལ་བའི་དྲག་གནོན་བྱ་སྤྱོད་ལ་སྐྱོན་བརྗོད་གནང་འདུག

ཨ་རིའི་གྲོས་ཚོགས་འོག་མའི་རྒྱ་ནག་ལས་དོན་ཐད་ཀྱི་ཆེད་འཛུགས་ཚོགས་ཆུང་གི་འགན་འཛིན་འཇོན་མུལེནར་(John R. Moolenaar)་ལགས་ཀྱིས་བཙན་གནོན་ཕྱིར་འདྲེན་ཞེས་ཁ་བྱང་ལ་འཁོད་པའི་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིན་ཕྱི་ལོ་༢༠༢༣ ཟླ་ ༡༡ པར་ཨ་རིའི་སན་ཧྥ་རན་སིསི་ཁོ་(San Francisco)་རུ་ཡོང་སྐབས་ཧོང་ཀོང་དམངས་གཙོ་ཚོགས་པ་དང་། ཡུ་གུར་ལས་འགུལ་བ། བོད་རང་བཙན་སློབ་ཕྲུག་ཚོགས་པ་སོགས་རྒྱ་ནག་དམར་ཤོག་ཚོགས་པར་ངོ་རྒོལ་བྱེད་མཁན་རྣམས་ལ་དྲག་གནོན་བྱས་པའི་ཐད་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་ཧོང་ཀོང་དམངས་གཙོ་ལྷན་ཚོགས་གཉིས་མཉམ་འབྲེལ་གྱིས་ཕྱི་ཟླ་ ༧ ཚེས་ ༣༠ ཉིན་སྙན་ཐོ་ཞིག་བཏོན་ཡོད་པའི་ཐད། ཁོང་གིས་རྒྱ་ནག་གིས་སྲིད་འཛིན་ཞི་ཅིང་ཕིན་ཕྱི་ལོ་ ༢༠༢༣ ཟླ་ ༡༡ ནང་ཨ་རིའི་སན་ཧྥ་རན་སིསི་ཁོ་རུ་ཡོང་སྐབས། རྒྱ་ནག་དམར་ཤོག་ཚོགས་པས་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་རྩོད་ལེན་པ་རྣམས་ལ་དྲག་གནོན་བྱས་པ་དེ་ནི་ཨ་རིའི་བདག་དབང་དང་ཨ་རིས་རྩ་ཆེན་དུ་འཛིན་པའི་རིན་ཐང་ལ་རྡོག་རོལ་བཏང་བའི་བྱ་སྤྱོད་ངན་པ་ཞིག་ཡིན་ཞེས་དང་། རྒྱལ་མཚམས་བརྒལ་བའི་དྲག་གནོན་གྱི་བྱ་སྤྱོད་དེ་རིགས་ནི་ཨ་རིའི་ནང་གནས་ཡུལ་མེད་ལ། ཧོང་ཀོང་དམངས་གཙོ་ཚོགས་པ་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ་གཉིས་ཀྱིས་བློ་ཚབས་སྐྱེས་དགོས་པའི་གནད་དོན་ཐད་སྙན་ཐོ་འདི་བཏོན་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཨ་རིའི་འབྲེལ་ཡོད་ཨ་རིའི་དབུས་གསང་བའི་ལས་ཁང་དང་སན་ཧྥ་རན་སིསི་ཁོ་ (San Francisco) གྲོང་ཁྱེར་ཉེན་རྟོག་ལས་ཁང་བཅས་ཀྱིས་ཞིབ་བཤེར་གྱིས་ཉེས་ཅན་པ་ཚོར་ཁྲིམས་ཆད་གཅོད་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད་ལ། ནག་ཉེས་འདི་དག་ཁྲིམས་གཏུག་བྱེད་རྒྱུར་ཨ་རིའི་གྲོས་ཚོགས་ཀྱིས་ཁྲིམས་ལུགས་དབང་འཛིན་པ་ཚོར་ནུས་པ་ལྡན་པའི་དགོས་ངེས་ཆ་རྐྱེན་འཕར་མ་ཁག་སྐྲུན་དགོས་པ་དང་། འདི་ལྟ་བུའི་སྒེར་སྡེམ་རིང་ལུགས་ཀྱི་བྱ་སྤྱོད་རིགས་ཨ་རིའི་ས་ཐོག་ཏུ་ཁྱེར་ཡོང་རྒྱུར་གཏན་འགོག་བྱས་དགོས་པ་རེད་ཅེས་འཁོད་ཡོད་འདུག
གསར་འགོད་པ། ཀེ་ཐོ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།