བོད་དུ་ལུས་རྩལ་བྱེད་སྒོ་དར་གསོ་ཆེ་རུ་འགྲོ་གི་ཡོད་ལུགས།
2009.09.09
༄༅༎དེ་རིང་རེས་གཟའ་ལྷག་པའི་ཉིན་བོད་ཀྱི་རྒྱལ་ས་ལྷ་ས་ནས་རྒྱ་ནག་གཞུང་གིས་ཤིང་ཧཱ་གསར་ཤོག་ཐོག་ལ་བོད་ནང་དུ་ལུས་རྩལ་གྱི་བྱེད་སྒོ་དར་གསོ་ཆེ་རུ་ཕྱིན་པ་བརྒྱུད་ཉིན་རེའི་ལུས་རྩལ་གྱི་བྱེད་སྒོའི་ནང་མཉམ་ཞུགས་བྱེད་མཁན་ཇེ་མང་དུ་འགྲོ་གི་ཡིན་པའི་སྐོར་གནས་ཚུལ་སྤེལ་ཡོད་པ་རེད།
དེ་ཡང་ཤིང་ཧ་གསར་ཤོག་དེའི་ཐོག་མུ་མཐུད་གནས་ཚུལ་སྤེལ་བའི་ནང་རྒྱ་ནག་རྒྱལ་ཡོངས་རྩེད་འགྲན་འཛིན་སྐྱོང་ལས་ཁང་གིས་རྒྱ་ནག་རྒྱལ་ཡོངས་སུ་མིའི་འཕྲོད་བསྟེན་ཡར་རྒྱས་གཏོང་ཐབས་ཀྱི་ལས་དོན་འཆར་གཞི་ཐོག་ནས་ཕོ་བྲང་པོ་ཏཱ་ལའི་ཉེ་འདབས་སུ་ཆགས་པའི་ཀླུ་ཁང་སྤྲོ་གླིང་ནང་དུ་ལུས་རྩལ་གྱི་བྱེད་སྒོ་སྣ་ཚོགས་སྤེལ་ཆེད་ཀྱི་ཡོ་ཆས་མི་འདྲ་བ་གསར་འཛུགས་བྱས་ཏེ་ས་གནས་མི་དམངས་ཚོར་ཉིན་རེའི་སྔ་དྲོའི་ལུས་རྩལ་གྱི་བྱེད་སྒོ་སྤེལ་རྒྱུའི་ཆེད་དུ་ཡིན་པ་དང་ད་དུང་ལུས་རྩལ་རྩེད་ཆེད་ཀྱི་ཆ་རྐྱེན་སྐྲུན་པ་དེ་རྣམས་ལོ་ན་རྒན་གཞོན་ཁྱད་པར་མེད་པར་ཚང་མའི་འདོད་འདུན་ལྟར་ལུས་རྩལ་རྩེད་ཐུབ་པའི་ཆ་རྐྱེན་ཞིག་ཡིན་པ་མ་ཟད་ལྷ་ས་གྲོང་ཁྱེར་དེའི་ནང་དུ་རྒྱ་མི་རིགས་ཀྱི་ཐོུང་མ་ཡིན་པའི་ལུས་རྩལ་རིགས་དཔེར་ན་ལུས་དལ་པོའི་ལུས་སྦྱོང་གི་བྱེད་སྒོ་འཕེལ་རྒྱས་གཏོང་རྒྱུའི་ཆེད་དུ་དམིགས་པ་ཞིག་ཀྱང་ཡིན་པའི་སྐོར་བཤད་ཡོད་པ་རེད། ལྷ་ས་གྲོང་ཁྱེར་ནང་དུ་གནས་སྡོད་བྱེད་མཁན་རྒས་ཡོལ་དུ་ཕེབས་ཟིན་པའི་ཚེ་རིང་ལགས་ཞུ་བས་ཤིང་ཧ་གསར་འགོད་པར་ཁོང་ཉིན་ལྟར་འདི་ག་ཀླུ་ཁང་ནང་དུས་ཚོད་གང་འཚམ་ལུས་རྩལ་རྩེད་ཀྱི་ཡོད་ལ་དེ་ནི་ཁོང་གི་ཉིན་རེ་ལྟར་ཆགས་ཀྱི་བྱེད་སྒོ་ཞིག་ཏུ་གྱུར་ཡོད་པ་མ་ཟད་ཁོང་གིས་རྒྱ་ནག་རྒྱལ་ཡོངས་ཀྱི་ལུས་རྩལ་འཕེལ་རྒྱས་ཀྱི་སྒྲིག་སྲོལ་དེ་བལྟ་ཀློག་བྱས་པ་ཡིན་པས་སྒྲིག་སྲོལ་དེ་ནི་ཧ་ཅང་གི་མིང་དོན་མཚུངས་པ་ཞིག་འདུག་ཅེས་དང་ཡང་ལྷ་ས་དམིགས་བསལ་ཤེས་ཡོན་སློབ་གྲྭའི་སློབ་སྤྱི་ཀུན་བཟང་ལགས་ཀྱིས་གཞུང་གིས་གཏན་འབེབས་བྱས་པའི་ལུས་རྩལ་ཡར་རྒྱས་ཀྱི་སྒྲིག་སྲོལ་དེའི་འོག་ཁོང་ཚོའི་སློབ་གྲྭའི་ནང་དུ་ཉིན་རེར་ཚོུད་གཅིག་རིང་ལུས་རྩལ་སྦྱོང་བརྡར་བྱེད་དུ་བཅུག་གི་ཡོད་ཅེས་དང་རྒྱལ་ཁབ་ཀྱིས་སློབ་ཕྲུག་ཚོའི་འཕྲོད་བསྟེན་ཐོག་ཐུགས་འཁུར་ཆེན་པོ་བྱས་པར་བརྟེན་ནས་ང་ཚོས་དེར་ཡར་རྒྱས་གཏོང་ཐུབ་པ་བྱ་རྒྱུ་ཡིན་ཞེས་བཤད་ཡོད་པ་རེད། དེ་བཞིན་བོད་རང་སྐྱོང་ལྗོངས་ཟེར་བའི་ལུས་རྩལ་འཛིན་སྐྱོང་ལས་ཁང་གི་འགན་འཛིན་གྱིས་ཉེ་རབས་ཀྱི་ལོ་ཤས་ནང་དུ་བོད་ལྗོངས་སུ་ལུས་དལ་པོའི་སྒོ་ནས་ལུས་རྩལ་རྩེད་བའི་བྱེད་སྒོ་དེ་ཡར་རྒྱས་གཏོང་ཐབས་ལ་འབད་བརྩོན་བྱས་ཡོད་པ་དང་ད་ཆ་བོད་རང་སྐྱོང་ལྗོངས་ཁུལ་དུ་གཞོན་སྐྱེས་ཀྱི་ལུས་རྩལ་སྐྱིད་སྡུག་ཉི་ཤུ་རྩ་བཞི་དང་རྩེད་མོ་སློབ་ཁྲིད་བྱེད་མཁན་གྱི་སྐྱིད་སྡུག་ལྔ་དང་མི་དམངས་ལ་ལུས་རྩལ་རྩེད་ཡུལ་ཁག་༣༡༧ཆ་རྐྱེན་སྐྲུན་ཡོད་པ་མ་ཟད་ཞིང་འབྲོག་ས་ཁུལ་དུ་ལུས་རྩལ་གྱི་བྱེད་སྒོ་རྣམ་གྲངས་༡༡༩ལག་བསྟར་བྱེད་བཞིན་ཡོད་པའི་སྐོར་བཤད་ཡོད་པ་རེད།