བོད་ནང་ཏོག་དབྱིབས་རིམས་ནད་དམ་དྲག་ལྷུག་གཏོང་བྱས་རྗེས་ཕྱི་ཟླ་༡ཚེས་༢ཉིན་གཅིག་པུར་བོད་ཀྱི་རྒྱལ་ས་ལྷ་སའི་ཁུལ་དུ་མི་གྲངས་༡༠༠ལྷག་འདས་གྲོངས་སུ་ཕྱིན་འདུག

རྒྱ་ནག་གཞུང་གིས་ཏོག་དབྱིབས་རིམས་ནད་དང་འབྲེལ་བའི་དམ་དྲགས་བཀག་རྒྱ་ཡོངས་སུ་ཕྱིར་བསྡུ་བྱས་པ་ལྟར། བོད་ནང་ཡང་དེ་མཚུངས་ཀྱི་བཀག་རྒྱ་ཡོངས་རྫོགས་ཕྱིར་བསྡུ་ཟིན་ཞིང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་རྒྱུས་ལོན་ཐུབ་པར་གཞིགས་ན། དེང་སྐབས་བོད་ཆོལ་ཁ་གསུམ་གྱི་ས་ཁུལ་གང་སའི་ནང་མི་ཧ་ཅང་མང་པོ་འདས་གྲོངས་སུ་འགྲོ་ཡི་ཡོད་འདུག་ལ། དཔེར་ན་ལྷ་ས་དང་ཉེ་འཁོར་གྱི་ས་ཁུལ་ཁག་ཅིག་ནང་འདས་གྲོངས་སུ་འགྲོ་མཁན་མང་ཆེ་བ་རྒན་རྒོན་ཡིན་འདུག་ཅིང་། ཕྱི་ཟླ་༡ཚེས་༢གཅིག་པུར་ལྷ་སའི་མལ་གྲོ་གུང་དཀར་དུ་ཡོད་པའི་འབྲི་གུང་དུར་ཁྲོད་ནང་ཕུང་པོ་༦༤དང་། ཚེ་སྨོན་གླིང་དུར་ཁྲོད་དུ་༣༠། སེ་རའི་དུར་ཁྲོད་དུ་༡༧། ལྷ་ས་སྟོད་ལུང་བདེ་ཆེན་གྱི་དུར་ཁྲོད་དུ་ཕུང་པོ་༡༥ཙམ་སྐྱེལ་འདྲེན་བྱུང་ཡོད་འདུག་ལ། རྣམ་ཀུན་ལྟར་ན་ལྷ་སའི་ཉེ་འཁོར་ནང་ཡོད་པའི་དུར་ཁྲོད་ཆེ་ཁག་ཏུ་ཕུང་པོ་༣ནས་༤ཙམ་འབྱོར་གྱི་ཡོད་འདུག
དེ་བཞིན་མདོ་སྨད་རྔ་བ་དང་བླ་བྲང་བསང་ཆུ་རྫོང་། མཚོ་སྔོན། གཞན་ཡང་དཀར་མཛེས། ལི་ཐང་སོགས་སུ་རིམས་ནད་རྐྱེན་གྱིས་མི་གྲངས་ཧ་ཅང་མང་པོ་འདས་གྲོངས་སུ་འགྲོ་བཞིན་ཡོད་པ། ས་ཁུལ་དེ་དག་ནང་གི་གནས་ཚུལ་རྒྱུས་མངའ་ཡོད་པའི་བོད་མི་ཁག་ཅིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་བྱུང་ལ། དཔེར་ན་རྔ་བ་ཀིརྟི་དགོན་པའི་ཉེ་འདབས་དུར་ཁྲོད་དུ་ཕུང་པོ་མང་དྲགས་ནས་བྱ་དོར་སྐབས་བྱ་རྒོད་ཀྱིས་ཕུང་པོ་མི་ཟ་པའི་གནས་ཚུལ་འབྱུང་བཞིན་ཡོད་འདུག
མདོ་སྨད་རྔ་བའི་ཕྱོགས་ཀྱི་རྨེ་རུ་མ་སྡེ་པ་གཅིག་པུར་མཚོན་ན་ཕྱི་ཟླ་དང་པོའི་ཚེས་༡ནས་༣་བར་རྒན་རྒོན་༡༥འདས་གྲོངས་སུ་ཕྱིན་སྟེ་དངངས་ཚབས་ཆེན་པོ་བྱེད་དགོས་པའི་གནས་སྟངས་ཤིག་ཆགས་འདུག འོན་ཀྱང་རྒྱ་ནག་གཞུང་གི་ངོས་ནས་ནད་ཀྱིས་མནར་བཞིན་པའི་མི་ཚོར་ཏོག་དབྱིབས་ནད་ཡམས་འགོས་ཡོད་མེད་བརྟག་དཔྱད་བྱེད་ཀྱི་མེད་པར་མ་ཟད། སྨན་བཅོས་ཀྱང་དང་ལེན་བྱེད་ཀྱི་མེད་པ་རེད་འདུག་ལ། ཀིརྟི་དགོན་པར་ཉིན་ལྟར་ཕུང་པོ་༡༠ནས་༡༥ལྷག་སྐྱེལ་ཡོང་སྟེ་དགེ་འདུན་པ་ཚོར་བསྔོ་བ་སྨོན་ལམ་ཞུ་ཡི་ཡོད་པ་དང་། འདས་པའི་ཉིན་གྲངས་༤རིང་ཀིརྟི་དགོན་པ་རང་ནས་གྲྭ་བ་རྒན་པ་དང་དེ་སྔ་ནད་གཞི་ཡོད་པ་༡༠ཙམ་འདས་གྲོངས་སུ་སོང་ཡོད་པ་བོད་ནང་གི་འབྲེལ་ཡོད་ནས་བརྗོད་བྱུང་།
གནས་སྟངས་འདི་འདྲའི་སྐབས་སུ་ཡང་རྒྱ་ནག་གཞུང་ཕྱོགས་ནས་བོད་ཀྱི་ས་ཁུལ་ནང་རྒྱ་མི་ཡུལ་འཁོར་སྤྲོ་འཆམ་པ་ཡོང་མཁན་ཐོག་དམ་དྲག་རྩ་བ་ནས་བྱེད་ཀྱི་མེད་པར་མ་ཟད། བོད་རང་སྐྱོང་ལྗོངས་ཡུལ་སྐོར་ཚན་པས་བོད་ནང་གི་ཡུལ་སྐོར་སྤྲོ་འཆམ་སྐྱོད་ཡུལ་ཁག་དགུན་དུས་རིང་རིན་པ་མི་དགོས་པར་ཕྱི་ཕྱོགས་སུ་སྒོ་མོ་ཕྱེ་རྒྱུ་ཡིན་པའི་བརྡ་ཁྱབ་བཏང་ཡོད་པ་རེད། དཔེར་ན་ཡུལ་སྐོར་བ་ཡོང་ས་གཙོ་གྲས་ཕོ་བྲང་པོ་ཏཱ་ལར་ཕྱི་ཟླ་ ༡ ཚེས་ ༣ ནས་རིན་མེད་ཐོག་ཕྱི་ཟླ་༣ཚེས་༡༥བར་སྒོ་ཕྱེ་རྒྱུའི་དྲིལ་བསྒྲགས་བྱས་འདུག
ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ནས་བོད་ནང་གི་རྫོང་དང་ས་གནས་ཁག་༡༡་ལྷག་གི་གཞུང་འབྲེལ་སྨན་ཁང་ཁག་ལ་ཁ་པར་བཏང་སྟེ། རིམས་ནད་ཀྱི་གནས་ཚུལ་དྲིས་ཀྱང་ལན་འདེབས་མ་བྱུང་ཞིང་། རྔ་བ་ཁུལ་འཕྲོད་བསྟེན་ལས་ཁུངས་སོགས་ཀྱིས་རིམས་ནད་སྐོར་གྱི་གནས་ཚུལ་ཤེས་རྟོགས་མེད་ཅེས་ལན་འདེབས་བྱས་བྱུང་། འོན་ཀྱང་བསང་ཆུ་རྫོང་མི་མང་སྨན་ཁང་གི་ལས་བྱེད་པ་ཞིག་གིས། འདས་གྲོངས་སུ་འགྲོ་བཞིན་ཡོད་པ་ངོས་ལེན་བྱས་ཀྱང་གྲངས་ཐོ་ཤེས་རྟོགས་མེད་ཅེས་བརྗོད་བྱུང་ལ། ད་ལྟའི་ཆར་རིམས་ནད་འགོས་ཁྱབ་བྱུང་བའི་ནད་པ་ཧ་ཅང་མང་པོ་ཡོད་པ་སོགས་འགྲེལ་བརྗོད་བྱས་བྱུང་།
སྔ་ལོ་ཕྱི་ཟླ་༨ནས་བོད་ཁུལ་དུ་ཏོག་དབྱིབས་རིམས་ནད་ཁྱབ་གདལ་ཧ་ཅང་ཆེན་པོ་ཕྱིན་སྟེ་ཟླ་བ་འགའ་ཤས་རིང་དམ་དྲག་ཤུགས་ཆེ་བྱས་ཤིང་། དེ་རྗེས་ཕྱི་ཟླ་༡༡་ནང་རྒྱ་ནག་གི་གྲོང་ཁྱེར་མང་པོའི་ནང་ཤོག་དཀར་ངོ་རྒོལ་གྱི་ལས་འགུལ་བྱུང་རྗེས་རྒྱ་ནག་གཞུང་གིས་འདས་པའི་ལོ་གསུམ་རིང་ཏོག་དབྱིབས་རིམས་ནད་དང་འབྲེལ་བའི་དམ་དྲག་ཡོངས་རྫོགས་གློ་བུར་དུ་ཕྱིར་བསྡུ་བྱས་ཡོད་པ་རེད། བོད་ནང་དུ་ཡང་སྲིད་བྱུས་དེ་ལག་བསྟར་བྱས་རྗེས། ནད་ཡམས་དེ་བོད་ཀྱི་ས་ཁུལ་མང་པོའི་ནང་འགོས་ཁྱབ་ཧ་ཅང་ཆེན་པོ་འགྲོ་བཞིན་ཡོད་པ་བོད་ནང་གི་ས་ཁུལ་འདྲ་མིན་ནས་བོད་མི་ཁག་ཅིག་གིས་བརྗོད་བྱུང་།
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།