རི་བོ་རྩེ་ལྔའི་ཉེ་འཁོར་འཛུགས་བསྐྲུན་ཆེད་ཁང་ཁྱིམ་མང་པོ་གཏོར་བཤིག་དང་གནས་སྤོར་གྱི་དཀའ་ངལ།

2020.12.15
རི་བོ་རྩེ་ལྔའི་ཉེ་འཁོར་འཛུགས་བསྐྲུན་ཆེད་ཁང་ཁྱིམ་མང་པོ་གཏོར་བཤིག་དང་གནས་སྤོར་གྱི་དཀའ་ངལ། གནས་ཆེན་རྒྱ་ནག་རི་བོ་རྩེ་ལྔ།
མཐུན་འགྱུར་པར་རིས།

རྒྱ་ནག་གི་འཛུགས་བསྐྲུན་གྱི་ལས་གཞིའི་ཁྲོད་ནང་པའི་གནས་ཆེན་རྒྱ་ནག་རི་བོ་རྩེ་ལྔར་ལོ་མང་རིང་ཡོད་པའི་བོད་མིའི་ཚོང་ཁང་༣༠ལྷག་གནས་སྤོར་དགོས་བའི་དཀའ་ངལ་འཕྲད་བཞིན་ཡོད་འདུག
དེ་ཡང་བོད་ནས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། ཉེ་བའི་སྤྱི་ཟླ་༡༡པའི་ནང་། རྒྱ་ནག་གཞུང་གིས་རྒྱ་ནག་ཧྲན་ཤེ་ཞིང་ཆེན་ནང་ཡོད་པའི་ནང་བའི་གནས་ཆེན་རྒྱ་ནག་རི་བོ་རྩེ་ལྔའི་ཁུལ་དུ་འཛུགས་བསྐྲུན་གྱི་ལས་གཞི་སྤེལ་རྒྱུ་ཡིན་པ་དང་། འཛུགས་བསྐྲུན་གྱི་ལས་གཞི་སྤེལ་སའི་ས་ཁོངས་སུ་ཚུད་པའི་གྲོང་སྡེ་༡༢་གཏོར་བཤིག་གཏོང་་རྒྱུའི་འཆཪ་གཞི་ཡོད་པའི་ཁྲོད། ཐོག་མར་གནས་ཆེན་དང་བར་ཐག་ཉེ་ཤོས་སྡེ་བ་ཆུང་ཆུང་༤ཡི་ཁྱིམ་ཚང་དང་ཚོང་ཁང་མང་པོ་གཏོར་བཤིག་བྱེད་རྒྱུ་ཡིན་པ་དང་། གང་མགྱོགས་གནས་སྤོར་དགོས་བའི་བརྡ་འབྱོར་ཡོད་པ་འདུག
གནས་ཚུལ་ངོ་སྤྲོད་པས་གསུང་ན། རྒྱ་ནག་གཞུང་གིས་དང་ཐོག་རྒྱ་ནག་རི་བོ་རྩེ་ལྔའི་ཉེ་འཁོར་སྡེ་བ་ཆུང་ཆུང་བཞིའི་ཡུལ་མིའི་ཁང་པ་དང་། ཟ་ཁང་། ཚོང་ཁང་སོགས་ཚང་མ་གཏོར་རྒྱུ་ཡིན་པ་དང་། དེ་དག་གང་མགྱོགས་ས་གནས་གཞན་ལ་གནས་སྤོར་བྱེད་དགོས་བའི་བཀའ་བཏང་འདུག དེ་དག་གི་ཁོངས་སུ་ལོ་མང་རིང་རྒྱ་ནག་རི་བོ་རྩེ་ལྔར་བོད་ཀྱི་ཚོང་རྫས་གཙོས་ཅ་དངོས་འདྲ་མིན་བཙོང་ནས་ཚོང་ལས་གཉེར་མཁན་བོད་མིའི་ཚོང་ཁང་༣༠ཙམ་ཡོད་པས་གནས་ཆེན་དེར་བོད་མིའི་ཁྲོམ་ར་ལྟ་བུ་ཞིག་ཆགས་ནས་ཚང་མས་དོ་སྣང་བྱེད་ཡུལ་དུ་གྱུར་ཡོད་པ་མ་ཟད། བོད་རིགས་མཇལ་སྐོར་བ་ཚོར་ཕན་ཐོག་གང་མཚམས་ཡོང་བཞིན་ཡོད་ཀྱང་། ད་ཆ་གློ་བུར་འཛུགས་བསྐྲུན་གྱི་ལས་གཞིའི་ཁོངས་སུ་ཚུད་ནས་གནས་སྤོར་བྱེད་དགོས་བྱུང་བའི་དཀའ་ངལ་འཕྲད་བཞིན་པ་དང་། བོད་མི་ཚོང་པ་ཚོས་མཉམ་དུ་གྲངས་ཉུང་མི་རིགས་ཀྱི་ཚོང་ལས་ལ་དམིགས་བསལ་གོ་སྐབས་སྤྲོད་རྒྱུའི་རེ་བ་བྱས་ཡོད་ཀྱང་ཉན་འཇོག་མ་བྱས་བར། ད་ཆ་བོད་མིའི་ཚོང་ཁང་དེ་དག་ས་གནས་གཞན་ལ་གནས་སྤོར་བྱེད་ས་མི་འཚོལ་རང་འཚོལ་གྱི་གནས་སུ་ལྷུང་ཡོད་པ་འགྲེལ་བརྗོད་བྱས་བྱུང་།
ད་དུང་ཁོང་གིས། སྤྱིར་རྒྱ་ནག་རི་བོ་རྩེ་ལྔའི་ནང་པའི་གནས་ཆེན་དེའི་ཉེ་འཁོར་དུ་དགོན་པ་མང་བ་དང་། ས་ཆ་ཆུང་བའི་རྐྱེན་ཚོང་ལས་ལ་ཕན་པའི་གནས་སྤོར་ཡུལ་མ་རྙེད་པའི་དཀའ་ངལ་ཡང་འཕྲད་བཞིན་ཡོད་ཀྱང་། རྒྱ་ནག་གཞུང་ཕྱོགས་ནས་གནས་སྤོར་དགོས་བའི་བཙན་བཀའ་བཏང་བ་ཙམ་ལས་གོ་སྒྲིག་གང་ཡང་མེད་པ་འགྲེལ་བརྗོད་བྱས་བྱུང་།
རྒྱ་ནག་ནང་གི་ནང་བསྟན་གནས་རི་གྲགས་ཅན་བཞིའི་ཡ་གྱལ་འཇམ་པའི་དབྱངས་ཀྱི་གནས་མཆོག་རི་བོ་རྩེ་ལྔ་ནི། རྒྱ་ནག་གི་ཧྲན་ཤེ་ཞིང་ཆེན་ཝུའུ་ཐེ་རྫོང་གི་བྱང་ཤར་དུ་ཆགས་པ་དང་། རི་དེ་རྩ་བ་གཅིག་ལ་རྩེ་མོ་ལྔ་ཡོད་པས་མིང་དེ་ལྟར་དུ་བྱུང་། རྟེན་གྱི་གཙོ་བོ་སྔོན་ཆོས་རྒྱལ་མྱ་ངན་མེད་ཀྱིས་བཞེངས་བའི་རིང་བསྲེལ་མཆོད་རྟེན་དཀར་པོ་དང་། འཇམ་པའི་དབྱངས་ཕྱག་སྟོང་སྤྱན་སྟོང་སོགས་མང་དུ་ཡོད། གནས་རི་རྩ་ཆེན་ལ་བརྟེན་དེང་སྐབས་དེའི་ཉེ་འཁོར་དུ་ནང་པའི་དགོན་པ་བརྒྱ་ལྷག་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎