རྒྱ་ནག་གི་སྲིད་འཛིན་ལ་ངོ་རྒོལ་གྱི་ལས་འགུལ།
2011.01.18
༄༅༎རྒྱ་ནག་གི་སྲིད་འཛིན་ཧུ་ཇིན་ཐའོ་ཡི་ཨ་མི་རི་ཀའི་འཚམས་འདྲི་དེའི་རིང་ལ་བོད་མི་དང༌། ཡུ་གུར། དམངས་གཙོ་དོན་གཉེར་ཅན་སོགས་མི་དམངས་ཀྱི་ཚོགས་པ་མང་པོ་ཞིག་གིས་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུའི་འཆར་གཞི་ཡོད་པ་དེ་ཡིས་ཧུ་ཇིན་ཐའོ་ཡི་འཚམས་འདྲི་དེ་ཧ་ལམ་ལམ་འགྲོ་ལྡན་པ་ཞིག་ཡོང་རྒྱུ་མིན་པའི་སྔོན་དཔགས་བྱེད་ཀྱི་ཡོད་པ་རེད།
དེ་རིང་ཨ་མི་རི་ཀའི་ལྦ་ཤིང་ཀྲོན་ཕོ་ཉ་ཞེས་པའི་གསར་ཤོག་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཨ་མི་རི་ཀའི་གྲོང་ཁྱེར་ནེའུ་ཡོག་ཏུ་ཡོད་པའི་བོད་རང་དབང་སློབ་ཕྲུག་ཚོགས་པས་སྣེ་ཁྲིད་འོག་རྒྱལ་ས་ལྦ་ཤིང་ཀྲོན་གྱི་རྒྱ་ནག་གཞུང་ཚབ་ཁང་ནས་ཕོ་བྲང་དཀར་པོའི་མདུན་བར་ངོ་རྒོལ་གྱི་གོམ་བགྲོས་ལས་འགུལ་སྤེལ་རྒྱུའི་གོ་སྒྲིག་བྱེད་བཞིན་པ་དང༌། དེ་བཞིན་ཨ་མི་རི་འི་ནང་དུ་ཡོད་པའི་ཐེ་དབན་ཚོགས་པ་ཉུང་མཐར་༡༧ ཡིས་ཕོ་བྲང་དཀར་པོའི་མདུན་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུའི་གསལ་བསྒྲགས་སྤེལ་བ་དང༌། ཡུ་གུར་ཚོགས་པའི་ཐོག་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུའི་འཆར་གཞི་ཡོད་པ་རེད། ད་དུང་རྒྱལ་མཚམས་མེད་པའི་གསར་འགོད་ཚོགས་པ་དང་རྒྱལ་སྤྱའི་ཉེས་ཡང་ཚོགས་པས་ཀྱང་ངོ་རྒོལ་ལས་འགུལ་ནང་མཉམ་ཞུགས་བྱེད་ཀྱི་ཡོད་པ་རེད། ཨ་མི་རི་ཀའི་ནང་རྒྱ་ནག་གི་སྲིད་འཛིན་གྱི་འཚམས་འདྲི་ལྟ་བུ་རྩོད་རྙོག་ཡོང་བ་ཇི་བཞིན་འཛམ་གླིང་གི་རྒྱལ་ཁབ་གཞན་གྱི་དབུ་ཁྲིད་འཚམས་འདྲིར་ཕེབས་པ་ཚོར་མེད་ཅིང༌། སྲིད་འཛིན་ཨོ་སྦ་མ་ཡིས་དེ་སྔོན་ལ་རྒྱ་གར་དང༌། མེཀ་སི་ཀོ་དབུ་ཁྲིད་རིམ་པ་བཞིན་ཨ་རིར་གཞུང་འབྲེལ་གྱི་འཚམས་འདྲི་གནང་བར་གདན་ཞུ་གནང་བའི་སྐབས་རྩོད་རྙོག་མེད་པའི་ཐོག་ནས་འཚམས་འདྲི་མཇུག་སྒྲིལ་བ་དང༌། རྒྱ་ནག་གི་སྲིད་འཛིན་ལ་རྒྱུན་དུ་ནས་རྒྱ་ནག་ནང་གསར་འགོད་ཀྱི་རང་དབང་མེད་པའི་གནད་དོན་དང༌། དམངས་གཙོ་དོན་གཉེར་ཅན་གང་བྱུང་གིས་འཛིན་བཟུང་བྱས་ཏེ། ཁྲིམས་བཤེར་མ་བྱས་པར་བཙོན་འཇུག་བྱེད་པའི་བྱ་སྤྱོད། གྲངས་ཉུང་མི་རིགས་ཚོའི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་གཏོང་བའི་བྱ་སྤྱོད་གཙོས་པའི་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་ཇེ་སྡུག་ཏུ་འགྲོ་བའི་གནད་དོན་ཐོག་ལ་སྐྱོན་བརྗོད་དང་ངོ་རྒོ་བྱེད་པ་མ་ཟད། ལྷག་པར་དུ་ཐེ་དབན་གྱི་གནད་དོན་དང༌། བོད་དང་ཤིན་ཅང་གི་ཐོག་ལ་རྒྱ་ནག་གཞུང་གིས་ལག་བསྟར་བྱེད་བཞིན་པའི་སྲིད་ཇུས་དེ་ཚོས་དུས་ཡུན་རིང་པོ་རྒྱ་ནག་དང་ཨ་རིའི་འབྲེལ་ལམ་ཛ་དྲག་ཏུ་འགྱུར་བའི་གཙོ་བོའི་འབྱུང་རྐྱེན་ཡིན་པ་རེད་ཅེས་གནས་ཚུལ་བཀོད་བཞག།