པ་ཀི་སི་ཐན་སྲིད་འཛིན་ནས་ལས་གནས་ནས་དགོངས་ཞུས།
2008.08.18
༄༅༎པ་ཀི་སི་ཐན་གྱི་སྲིད་འཛིན་ པར་ལྦེཛ་ མུ་ཤ་རཕ་ དགོངས་ཞུ་གནང་འདུག རེས་གཟའ་ཟླ་བའི་ཉིན་པ་ཀི་སི་ཐན་གྱི་སྲིད་འཛིན་པར་ལྦེཛ་མུ་ཤ་རཕ་ཡིས་ལོ་དགུའི་རིང་རྒྱལ་ཁབ་ཀྱི་དབུ་ཁྲིད་གནང་བའི་རྗེས་སུ་ མནའ་འབྲེལ་གྱི་གཞུང་གསར་པས་ཁོང་གནས་དབྱུང་གཏོང་རྒྱུར་ཐག་གཅོད་གནང་བའི་རྗེས་སུ་མཐར་ཁྲིམས་ཐོག་ནས་གནས་དབྱུང་གཏོང་རྒྱུའི་ཉེས་འཛུགས་མ་བྱས་གོང་རང་ངོས་ནས་དགོངས་པ་ཞུ་རྒྱུར་ཐག་གཅོད་གནང་འདུག སྲིད་འཛིན་གྱིས་རྒྱལ་ཡོངས་བརྙན་འཕྲིན་ཐོག་དགོངས་ཞུའི་གསལ་བསྒྲགས་གནང་བའི་ནང་ རྒྱལ་ཁབ་ནང་ཆབ་སྲིད་ཀྱི་དབང་ཆའི་འཐབ་རྩོད་ཀྱི་དཀའ་རྙོག་གཡོལ་ཐབས་དང་མི་མང་གི་བདེ་དོན་དགོངས་པ་ཞུ་ཡི་ཡོད། ངས་ནོར་འཕྲུལ་གང་བྱས་པ་དེར་མི་མང་དང་རྒྱལ་ཁབ་ལ་དགོངས་སེལ་ཞུ་ཡི་ཡོད་ཅེས་ཚོར་སེམས་ཆེན་པོའི་ཐོག་གསུངས་གནང་འདུག།