བོད་རང་དབང་དང་ཞི་བདེའི་ཆེད་རོལ་དབྱངས་འདུ་འཛོམས།
2009.04.18
༄༅༎བོད་ནང་རང་དབང་དང་བོད་སྲུང་སྐྱོབ་དེ་བཞིན་འཛམ་གླིང་ཞི་བདེའི་ཆེད་འདི་ཟླའི་ཚེས་ཉི་ཤུ་བཞི་ཉིན་སི་པེན་གྱི་གྲོང་ཁྱེར་སྦར་སི་ལོ་ནའི་ནང་རོལ་དབྱངས་འདུ་འཛོམས་ཐེངས་དང་པོ་དེ་གནང་འཆར་འདུག
རོལ་དབྱངས་འདུ་འཛོམས་དེའི་ནང་ཆམ་སྦའོ་དང་ཇཱ་ར་ཌེ་ཌེ་པ་ལོ།ཀི་ལོ་ལྦེ་ནེ་ནོ།ཨོ་ཧོསི།ཌེ་སྦུརུ་ཧོ།གོ་སོ་སི།ཧོ་ཊེལ་ཌེ་ལ་པེཛ་ཞེས་རོལ་དབྱངས་དང་གླུ་གཞས་གཏོང་མཁན་གྲགས་ཅན་མི་སྒེར་པ་དང་ཚོགས་པ་དེ་བཞིན་སུད་ཛར་ལེནདྲ་ནང་གནས་བཞུགས་གནམ་གླིང་བློ་བསྟན་ལགས་བཅས་ལྷན་བཞུགས་གནང་གི་ཡོད་པ་མ་ཟད་ཁོང་རྣམས་ཀྱིས་ཨེསི་ཨོ་ཨེསི་ཀྲི་སྦེཏ་འམ་བོད་སྐྱོབ་ཅེས་འབོད་ཚིག་འཁོད་པའི་སྟོད་གོས་ལྗང་ཁུ་ཡང་གྱོན་འཆར་འདུག
བོད་ནང་རང་དབང་དགོས་པ་དང་བོད་སྲུང་སྐྱོབ་ཆེད་ཀྱི་རོལ་དབྱངས་འདུ་འཛོམས་དེ་ནི་སི་པེན་གྱི་གྲོང་ཁྱེར་སྦར་སི་ལོ་ནའི་ནང་རྟེན་གཞི་བྱས་པའི་བོད་ཁང་གིས་གོ་སྒྲིགས་ཞུས་པ་ཞིག་ཡིན་པ་དང་རོལ་དབྱངས་འདུ་འཛོམས་དེ་གོ་སྒྲིགས་ཞུ་དགོས་པའི་དགོས་དོན་གཙོ་བོ་ནི་ཕྱི་ལོ་༡༩༨༩ལོར་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རིན་ཐང་ཆེན་པོར་རྩིས་གནང་གི་དར་འཕེལ་གཏོང་ཐབས་གནང་བཞིན་པའི་འཚེ་མེད་ཞི་བ་དང་བྱམས་དང་སྙིང་རྗེའི་རིན་ཐང་སྐོར་མང་ཚོགས་སྤྱི་དང་ལྷག་དོན་དུ་གཞོན་སྐྱེས་ཚོའི་ཁྲོད་གོ་རྟོགས་སྤེལ་ཕྱིར་ཡིན་པའི་གནས་ཚུལ་འདུག།