ཁ་ཆེའི་རྒྱལ་ཁབ་ཁག་ཅིག་གི་མི་སེར་བཀག་སྡོམ།
2017.01.29
༄༅༎ཨ་རིའི་སྲིད་འཛིན་Donald Trump མཆོག་གིས་ཁ་ཆེའི་ཡུལ་གྲུ་ཁག་ཅིག་ནས་ཕྱི་མི་གཞིས་སྤོས་ལེན་རྒྱུ་གནས་སྐབས་རིང་བཀག་སྡོམ་གནང་རྒྱུའི་བཀའ་གནང་བ་དེས་ཁ་ཆེའི་རྒྱལ་ཁབ་ཚོ་ཧ་ལས་ཧོན་འཐོར་བ་དང་། དངངས་སྐྲག་སྐྱེས་གཞིའི་གནས་ཚུལ་ཞིག་ཆགས་ཡོད་འདུག དེ་ཡང་དེ་རིང་ཕ་རན་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན་སྲིད་འཛིན་Trump་མཆོག་གི་ཐག་ཆོད་དེས་ ནང་མི་ཁ་བྲལ་དང་ཕྲུ་གུའི་ཆང་སའི་རྟེན་འབྲེལ་ལ་ཕ་མ་ཡོང་མ་ཐུབ་པ་སོགས་ནང་མི་མང་པོར་དཀའ་ངལ་འཕྲད་རྒྱུ་ཡིན་འདུག ཨ་རིོའི་Los Angeles ཀྱི་ཁྲིམས་རྩོད་པ་Saam Borhaniཞུ་བས་སྲིད་འཛིན་གྱི་ཐག་ཆོད་དེས་ཨ་རིའི་ཡུལ་མི་ཡིན་པའི་ཨི་རན་གྱི་མི་མང་པོར་བློ་བུར་དངངས་སྐྲག་ཆེན་པོ་སླེབས་ཡོད་པ་དང་། དེ་ནི་སྒྲོ་འདོགས་པ་སོགས་མིན་དངོས་འབྲེལ་ཁོང་ཚོར་སེམས་འཚབ་ཆེན་པོ་སླེབས་ཡོད་པ་རེད་ཅེས་གསུངས་བཞག དེ་བཞིན་ཁོང་གིས་སྲིད་འཛིན་Donald Trumpམཆོག་གིས་རེས་གཟའ་ས་སངས་ཉིན་ཁ་ཆེའི་ཡུལ་ཨི་རན་དང་།ཨི་རག ལི་བྷི་ཡ། སོ་མོ་ལི་ཡ། སི་རི་ཡ། ཡེ་མན་བཅས་ནས་ཕྱི་མི་གཞིས་སྤོས་ལེན་རྒྱུ་གནས་སྐབས་བཀག་སྡོམ་གནང་རྒྱུའི་བཀའ་གནང་བ་ནས་བཟུང་ཁོང་ལ་སྐད་ཆ་དྲིས་མཁན་ཧ་ཅང་མང་པོ་ཡོང་གི་འདུག ཨ་རིའི་ནང་ཨ་རིའི་ཡུལ་མི་ཡིན་པའི་ཨི་རན་མི་རིགས་ས་ཡ་གཅིག་ལྷག་ཡོད་སྟབས་ དམ་བསྒྲགས་དེས་ཨི་རན་གྱི་སློབ་ཕྲུག་དང་ཚོང་པ་ནང་མི་ཟླ་བསྒྲིལ་བྱ་མཁན་སོགས་ལ་བློ་འཚབ་ཆེན་པོ་དང་དངངས་སྐྲག་ཆེན་པོ་སྐྱེས་དགོས་པ་ཞིག་བཟོས་ཡོད་པ་རེད་ཞེས་གསུངས་བཞག།གསར་འགོད་པ་ཚེ་དབང་དངོས་གྲུབ།