འབར་མའི་གཞུང་གིས་རྒྱལ་ཡོངས་འོས་བསྡུའི་དྲིལ་བསྒྲགས།
2009.04.11
༄༅༎འབར་མའི་ནང་ལོ་རྗེས་མའི་ནང་མང་གཙོ་སླར་གསོའི་ཆེད་དུ་རྒྱལ་ཡོངས་འོས་བསྡུ་བྱ་རྒྱུ་གཏན་འཁེལ་ཟིན་ཡོད་པ་ལྟར་འོས་བསྡུ་དེ་བཞིན་ལམ་ལྷོངས་ངང་རྒྱལ་ཁའི་རང་བཞིན་དུ་བསྒྱུར་ཐབས་སླད་དུ་དམག་དཔོན་ཚོས་འགན་འཁུར་འཐུས་ཚང་ལེན་དགོས་ཀྱི་རེད་ཅེས་འབར་མའི་དྲག་པོའི་གཞུང་འཛིན་དམག་སྤྱི་གཞོན་པ་མཱོང་ཨེ་ཞུ་བས་དམག་དཔོན་ཚོར་བཀོད་ཁྱབ་བཏང་ཡོད་པ་རེད།
འབར་མའི་སྒྲོན་མེ་གསར་པ་ཞེས་པའི་འབར་མའི་གཞུང་འབྲེལ་གསར་ཤོག་གིས་ཁེ་ས་གནས་ཚུལ་ཁྱབ་སྤེལ་བྱས་གསལ་ལྟར་ན་འབར་མའི་དམག་ཞབས་ཁོངས་ཀྱི་དམག་དཔོན་གསར་པ་དམག་སྦྱོང་ཐོན་པའི་མཛད་སྒོའི་ཐོག་གསུང་བཤད་གནང་སྐབས་འབར་མའི་མི་མིང་མཉམ་དུ་ཕྱི་ལོ་ཉིས་སྟོང་བཅུའི་ལོར་འབར་མའི་རྒྱལ་ཁབ་ཀྱི་ངོ་བོ་མང་གཙོའི་ཕྱོགས་སུ་ཁ་ཕྱོགས་བསྒྱུར་རྒྱུའི་འོས་བསྡུའི་ལས་དོན་དེ་བཞིན་རྒྱལ་ཁའི་ངང་མཇུག་སྒྲིལ་ཐུབ་པ་བྱ་རྒྱུ་ནི་ཁྱེད་རང་ཚོའི་ལས་འགན་རེད་ཅེས་འབར་མའི་བྱང་ཕྱོགས་ཤན་ཟེར་བའི་མངའ་སྡེའི་ནང་གི་དམག་སྒར་གྲོང་ཁྱེར་རྦ་རྟོ་ཟེར་བར་དམག་སྤྱི་གཞོན་པ་མཱོང་ཨེ་ཞུ་བས་དམག་དཔོན་ཚོར་བཀོད་ཁྱབ་བཏང་ཡོད་པ་རེད། ཁོང་གིས་སྐབས་དེར་རྒྱལ་ཁབ་འགའ་ཞིག་ནང་མང་གཙོའི་ལམ་ལུགས་ཆ་ལག་ཚང་བ་མ་སྨིན་པའི་རྐྱེན་གྱིས་འོས་བསྡུའི་སྐབས་སུ་སྲིད་དོན་ཚོགས་པ་ཁག་གི་དབར་འོས་ཤོག་འཐོབ་པའི་ཆེད་དུ་ཁྱབ་བསྒྲགས་བྱེད་སྐབས་ཕན་ཚུན་འཁྲུག་འཛིངས་བྱུང་བ་སོགས་རྒྱལ་ཁབ་ནང་བརྟེན་ལྷིངས་མེད་པའི་གནས་ཚུལ་ཐོན་གྱི་ཡོག་རེད་ཅེས་ཀྱང་དམག་སྤྱི་གཞོན་པས་དམག་དཔོན་ཚོར་བརྗོད་ཡོད་པ་རེད། འབར་མའི་དྲག་པོའི་གཞུང་གིས་ལོ་རྗེས་མའི་ནང་འོས་བསྡུའི་ལམ་ནས་རྒྱལ་ཁབ་ཀྱི་ཆབ་སྲིད་ངོ་བོ་མང་གཙོའི་ཕྱོགས་སུ་བཅོས་བསྒྱུར་གཏོང་གི་ཡིན་ཞེས་དྲིལ་བསྒྲགས་ཡང་ཡང་བྱེད་ཀྱི་ཡོད་ཀྱང་དེ་ནི་འབར་མའི་དམག་སྤྱི་ཚོས་རྒྱལ་ཁབ་ཀྱི་སྲིད་དབང་མུ་མཐུད་སྒེར་འཛིན་བྱ་རྒྱུའི་འོས་བསྡུ་རྫུན་མ་རེད་ཅེས་སྐྱོན་བརྗོད་ཞུ་མཁན་མང་དག་ཅིག་ཡོད་པ་རེད༎