འབར་མའི་ལྕམ་ཨན་སན་སུ་ཀིི་བསྐྱར་དུ་བཙོན་འཇུག་བྱས་པ།
2009.05.15
༄༅༎འབར་མའི་དྲག་པོའི་གཞུང་གིས་ཕྱོགས་འགལ་མང་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་ཨོང་སན་སུ་ཀི་མཆོག་བསྐྱར་དུ་བཙོན་འཇུག་བྱས་པ་དེར་རྒྱལ་སྤྱིའི་སྲིད་གཞུང་མང་པོས་སྐྱོན་བརྗོད་ཞུས་ཐོག་ཁོང་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པའི་གནོན་ཤུགས་སྤྲོད་བཞིན་ཡོད་འདུག
ལྕམ་སུ་ཀི་མཆོག་གིས་བཟང་བཙོན་གྱི་སྒྲིག་གཞི་དང་འགལ་བའི་ཕྱག་ལས་གནང་ཡོད་ལུགས་མ་ཉེས་ཁ་གཡོག་བྱས་ཏེ་འབར་མའི་དྲག་པོའི་གཞུང་གིས་ཁོང་མུ་མཐུད་བཙོན་འཇུག་དོ་དམ་འོག་བཞག་ཆེད་བསྐྱར་དུ་བཙོན་འཇུག་བྱས་པ་དེར་ཨ་མི་རི་ཀ་དང་དབྱིན་ཇི།ཉི་ཧོང་།ཡུ་རོབ་མཉམ་འབྲེལ་རྒྱལ་ཁབ་ཁག་དེ་བཞིན་ལྷོ་ཤར་ཨེ་ཤེ་ཡའི་སྤྱི་མཐུན་རྒྱལ་ཁབ་ཁག་སོགས་རྒྱལ་སྤྱིའི་ཡུལ་གྲུ་མང་པོས་འབར་མའི་དྲག་པོའི་གཞུང་ལ་སྐྱོན་བརྗོད་ཞུས་བཞག ཟླ་བ་འདིའི་ཚེས་བཅོ་བརྒྱད་ཉིན་ལྕམ་སུ་ཀི་མཆོག་གིས་བཟང་བཙོན་གྱི་སྒྲིག་གཞི་དང་འགལ་བའི་ཕྱག་ལས་གནང་ཡོད་མེད་ཐོག་ཁྲིམས་གཏུགས་གནང་རྒྱུ་ཡིན་པ་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལས་ཁང་ཁག་གིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཁང་ལ་ཁོང་འཕྲལ་དུ་གློད་བཀྲོལ་ཡོང་ཐབས་སུ་འབད་བརྩོན་གནང་དགོས་པའི་ནན་བསྐུལ་ཞུས་བཞག
བདུན་ཕྲག་སྔོན་མ་ཨ་མི་རི་ཀའི་ཡུལ་མི་ཞིག་གིས་ལྕམ་སུ་ཀི་མཆོག་བཟང་བཙོན་དུ་བཞུགས་ཡུལ་བར་ཆུ་བརྒལ་དེ་བསྐྱོད་ཐོག་ཁོང་གི་གཟིམ་ཁང་ནང་གསང་འཛུལ་བྱས་རྗེས་ཕྱིར་ལོག་ཡོང་བའི་སྐབས་འབར་མའི་ཉེན་རྟོག་མི་སྣས་ཨ་རི་བ་དེ་འཛིན་བཟུང་བྱས་ཡོད་པ་རེད། གནས་ཚུལ་དེས་རྐྱེན་པས་དགུང་གྲངས་དྲུག་ཅུ་རེ་གསུམ་ལ་ཕེབས་པའི་ཕྱོགས་འགལ་མང་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་སུ་ཀི་མཆོག་བསྐྱར་དུ་འཛིན་བཟུང་བཙོན་འཇུག་བྱས་པ་ཞིག་ཡིན་འདུག ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་ཀི་ལིན་ཊོན་མཆོག་གིས་ཁོང་ལ་ནག་ཉེས་གཙུག་པ་དེ་ནི་གཞི་རྩ་མེད་པ་ཞིག་རེད་ཅེས་སྐྱོན་བརྗོད་ཞུས་བཞག
དེ་བཞིན་ཨ་རིའི་སྲིད་འཛིན་ཟུར་པ་ཇི་མི་ཁའར་ཊར་དང་ལྷོ་ཨཕ་རི་ཀའི་ཆོས་དཔོན་ཌེ་སི་མེན་ཀྲུ་ཀྲུ་སོགས་གྲགས་ཅན་མི་སྣ་མང་པོས་ཀྱང་འབར་མའི་དྲག་པོའི་གཞུང་གི་བྱ་སྤྱོད་དེར་སྐྱོན་བརྗོད་ཞུས་ཐོག་ཁོང་འཕྲལ་དུ་གློད་བཀྲོལ་དགོས་པའི་དགོས་འདུན་བཏོན་གནང་བཞག།