ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་ཐེ་ཝན་དུ་གཟིགས་སྐོར་དུ་ཕེབས་འབྱོར་བྱུང་འདུག

- རྒྱ་ནག་གཞུང་གིས་སྐྱོན་བརྗོད་དང་སྡིགས་ར་བསྐུལ་མིན་ལ་མ་བལྟོས་པར་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་ནེན་སི་པེ་ལོ་སི་མཆོག་ཐེ་ཝན་དུ་དངོས་སུ་ཕེབས་འབྱོར་བྱུང་འདུག
- ཐེ་ཝན་དུ་འཚམས་གཟིགས་གནང་པ་འདི་ནི་ཐེ་ཝན་གྱི་གཟེངས་སུ་ཐོན་པའི་མང་གཙོའི་གནས་བབས་ལ་ཨ་རིའི་ངོས་ནས་རྒྱབ་སྐྱོར་ཡོད་པ་མཚོན་ཆེད་ཡིན་པ་གསུངས་འདུག
ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནན་སི་པེ་ལོ་སི་(Nancy Pelosi)་མཆོག་གིས། ང་ཚོ་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གི་ཐེ་ཝན་གྱི་འཚམས་གཟིགས་འདི་ནི་ཐེ་ཝན་གྱི་གཟེངས་སུ་ཐོན་པའི་མང་གཙོའི་གནས་བབས་ལ་ཨ་རིའི་ངོས་ནས་འགྱུར་མེད་རྒྱབ་སྐྱོར་ཡོད་པ་སྟོན་ཆེད་ཡིན་ཞེས་ཐེ་ཝན་གྱི་རྒྱལ་ས་ཏཡེ་པེར་ཨ་རིའི་མཁའ་དམག་གནམ་གྲུ་ཞིག་གི་ཐོག་ཕྱི་ཟླ་༨ཚེས་༢གཟའ་མིག་དམར་ཉིན་གྱི་མཚན་མོ་ཕེབས་འབྱོར་བྱུང་མ་ཐག་གསུངས་ཤིང་། ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོས་ད་དུང་། འཛམ་གླིང་ནང་མང་གཙོ་དང་གཅིག་བསྡུད་རིང་ལུགས་བར་འདམ་ཁའི་གདོང་ཐུག་བྱུང་བཞིན་པའི་དུས་འདིར། ཨ་མི་རི་ཀའི་ངོས་ནས་ཐེ་ཝན་གྱི་མི་དམངས་ས་ཡ་༢༣ལ་གདུང་སེམས་མཉམ་སྐྱེད་བྱེད་རྒྱུ་འདི་ནི་སྔར་བས་གལ་འགངས་ཆེ་བ་ཡིན་པ་གསུངས་འདུག
གཟའ་མིག་དམར་ཉིན་རྒྱ་ནག་གི་མཁའ་དམག་གནམ་གྲུ་ཁག་ཅིག་ཐེ་ཝན་དང་རྒྱ་ནག་སྐམ་ས་ཆེན་པོ་བར་གྱི་མཚོ་ལམ་ཆུ་ཐིག་དབྱེ་བའི་ཐིག་གི་ཉེ་སར་འཕུར་བསྐྱོད་བྱས་པ་མ་ཟད། དམག་གི་གྲུ་གཟིངས་མང་པོ་ཞིག་ཀྱང་འགྲེམས་འཇོག་བྱས་ཡོད་ལུགས་རྒྱ་ནག་གི་གསར་ལམ་ཁག་ནང་བཀོད་འདུག
ཨ་མི་རི་ཀའི་ངོས་ནས་ཀྱང་(USS Ronald Reagan)་རྟགས་ཅན་ཚུད་པའི་མཁའ་དམག་གནམ་གྲུ་དང་མེ་ཤུགས་འཕུར་མདེལ་སྟེགས་པའི་དམག་གྲུ་བཞི་ཐེ་ཝན་ཤར་ཕྱོགས་སུ་འཁེལ་བའི་ཧྥི་ལི་པིནསི་རྒྱ་མཚོའི་ནང་ཆེད་གཏོང་བྱས་ཡོད་པ་རེད།
གཟའ་མིག་དམར་ཉིན་གྱི་མཚན་མོར་ལྕམ་ནེན་སི་པེ་ལོ་སི་མཆོག་རྒྱལ་ས་ཏཡེ་པེའི་བཞུགས་གནས་མགྲོན་ཁང་གྱི་ཕྱིར་ཐེ་ཝན་དུ་བཅའ་ཞུགས་བོད་དོན་ལས་འགུལ་བ་བཀྲིས་ཚེ་རིང་ལགས་དང་། བོད་རིགས་ཚོགས་པའི་རྒྱུན་ལས། གཞན་ཡང་སློབ་ཕྲུག་ཁག་གཅིག་གིས་བོད་ཀྱི་རྒྱལ་དར་འཁྱེར་ནས་ལྕམ་པེ་ལི་སི་ལ་ཕེབས་བསུའི་འཚམས་འདྲི་ཆེད་སླེབས་འདུག་ལ། བཀྲིས་ཚེ་རིང་ལགས་ཀྱིས་ཏཡེ་པེར་ཡོད་པའི་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་གྱི་གསར་འགོད་པ་བརྒྱུད། ཁོང་དང་ཁོང་གི་ཕྱག་རོགས་རྣམ་པ་ལྕམ་པེ་ལི་སི་ལ་ཕེབས་བསུར་བཅར་བ་ཙམ་མ་ཟད། ཁོང་གིས་རྒྱུན་རིང་བོད་དོན་རྒྱབ་སྐྱོར་གནང་པ་དང་། བོད་ཀྱི་གནས་སྟངས་ཆེས་ཞན་པའི་དུས་འདིར་ཨ་རིའི་གྲོས་ཚོགས་ཀྱིས་བོད་དོན་ཐད་སླར་ཡང་གྲོས་ཆོད་གསར་པ་ཞིག་བཞག་གནང་པར་ཨ་རིའི་གྲོས་ཚོགས་དང་གཞུང་ལ་ཐུགས་རྗེ་ཆེ་ཞུ་རྒྱུའི་ཆེད་ཀྱང་བཅར་བ་ཡིན་པ་གསུངས་འདུག
ལོ་ངོ་ཉི་ཤུ་རྩ་ལྔའི་རྗེས་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཐེ་ཝན་དུ་ཕེབས་པ་འདི་ནི། ཨ་མི་རི་ཀ་དང་རྒྱ་ནག་གི་འབྲེལ་ལམ་ཇེ་སྡུག་ཏུ་འགྲོ་བཞིན་པའི་དུས་དང་འཁེལ་ཞིང་། ཉེ་ཆར་ཕྱི་ཟླ་༧ཚེས་༢༩ཉིན། ཨ་རིའི་སྲིད་འཛིན་འཇཱོ་སྦཡེ་ཌེན་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་བར་དྲ་ཐོག་གི་མཇལ་མོལ་སྐབས། རྒྱ་ནག་གི་སྲིད་འཛིན་གྱིས་མེ་ལ་ཐུག་ན་རང་ཉིད་འཚིག་རྒྱུ་ལས་མེད་པ་དེ་ཨ་མི་རི་ཀས་ཤེས་པར་བྱེད་དགོས་ཀྱི་རེད་ཅེས་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཐེ་ཝན་དུ་ཕེབས་འཆར་ཐད་ངོ་རྒོལ་ཤུགས་ཆེ་བྱས་ཡོད་པ་རེད།
གཟའ་མིག་དམར་ཉིན་ལྕམ་ནེན་སི་པེ་ལོ་སི་མཆོག་ཏཡེ་པེའི་གྲོང་ཁྱེར་དཀྱིལ་དུ་ཡོད་པའི་ (Shongshan)་གནམ་ཐང་དུ་ཕེབས་འབྱོར་སྐབས། ཐེ་ཝན་གྱི་ཕྱི་སྲིད་བློན་ཆེན་(Joseph Wu)་དང་། ཐེ་ཝན་ནང་གི་ཨ་རིའི་སྐུ་ཚབ་མཐོ་ཤོས་(Sandra Oudkirk)་བཅས་ཕེབས་བསུར་བཅར་ཡོད་པ་རེད།
དགུང་གྲངས་༨༢ལ་ཕེབས་པ་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ནེན་སི་པེ་ལོ་སི་མཆོག་ནི། ལོ་ངོ་༣༠ལྷག་རིང་བོད་དོན་ཐད་ཚད་མཐོའི་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་ལ། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ཧ་ཅང་ཐུགས་ཉེ་པོ་ཡོད་མཁན་ཞིག་ཀྱང་ཡིན་པ་རེད། ལྕམ་པེ་ལོ་སི་མཆོག་དེ་སྔོན་གྲོས་ཚོགས་ཀྱི་ཚོགས་གཙོ་ཐེངས་དང་པོ་གནང་སྐབས་ཏེ། ཕྱི་ལོ་ ༢༠༠༨ལོར་བཞུགས་སྒར་རྡ་རམ་ས་ལར་ཆེད་ཕེབས་གནང་ཞིང་། དུས་ཚོད་དེ་ནི་བོད་ས་ཁྱོན་ཡོངས་སུ་ས་བྱི་ཞི་རྒོལ་ཆེན་མོའི་ལས་འགུལ་སྤེལ་བཞིན་པའི་ཐོག རྒྱ་ནག་གཞུང་གིས་སྡུག་རྩུབ་ཆེན་པོས་བོད་མི་མང་པོ་དམར་བསད་དང་འཛིན་བཟུང་བཙོན་འཇུག་བྱས་པའི་དུས་སྐབས་དང་འཁེལ་ཡོད་པ་རེད། དེ་རྗེས་ཕྱི་ལོ་༢༠༡༧ལོར་ཨ་རིའི་གྲོས་ཚོགས་འོག་མའི་ཁ་གཏད་ཚོགས་པའི་དབུ་ཁྲིད་གནང་པའི་སྐབས། ཨ་རིའི་སྲིད་དོན་ཚོགས་པ་གཉིས་ཀའི་འཐུས་མི་འདུས་པའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ཞིག་སྣེ་ཁྲིད་གནང་སྟེ་སླར་ཡང་བཞུགས་སྒར་རྡ་རམ་ས་ལར་ཆེད་ཕེབས་གནང་ཡོད་པ་རེད། ཁོང་ནི་ལོ་ངོ་༣༠ལྷག་རིང་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་གཏོང་བཞིན་པའི་བྱ་སྤྱོད་ལ་སྐྱོན་བརྗོད་ཤུགས་ཆེ་གནང་མཁན་ཞིག་ཡིན་ལ། ཕྱི་ལོ་༢༠༡༥ལོར་བོད་ཀྱི་རྒྱལ་ས་ལྷ་སར་ཡང་ཆེད་ཕེབས་གནང་ཞིང་། ཁོང་གིས་རྒྱ་ནག་གཞུང་གིས་བོད་ཀྱི་ཐོུང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག་དང་བཅས་པ་འཆར་གཞི་ལྡན་པའི་ཐོག་ནས་རྩ་མེད་གཏོང་ཐབས་བྱེད་བཞིན་ཡོད་པ་ཡང་ཡང་གསུངས་ཡོད་པ་རེད།
རོཡེ་ཀྲརསི་གསར་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། གཟའ་ལྷག་པའི་ཉིན་ལྕམ་ནེན་སི་པེ་ལོ་སི་མཆོག་དང་ཐེ་ཝན་གྱི་སྲིད་འཛིན་ལྕམ་ཚའེ་ཡུན་ཝན་(Tsai Ing-wen)་རྣམ་གཉིས་མཇལ་འཕྲད་གནང་རྒྱུ་ཡིན་འདུག་ལ། ཐེ་ཝན་ནང་གནས་སྡོད་བྱེད་བཞིན་པའི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབས་ཐད་སྐྱོན་བརྗོད་བྱེད་མཁན་གྱི་ལས་འགུལ་བ་ཁག་ཅིག་དང་ཡང་མཇལ་མོལ་གནང་རྒྱུ་ཡིན་འདུག
ཕྱི་ལོ་༡༩༩༧ལོར་སྐབས་དེ་དུས་ཀྱི་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་(Newt Gingrich)་མཆོག་ཐེ་ཝན་དུ་ཕེབས་མྱོང་བ་དང་། སྐབས་དེར་རྒྱ་ནག་གཞུང་གིས་ཉེན་བརྡ་ཤུགས་ཆེ་བཏང་ཡོད་པ་རེད།
ལྕམ་ནེན་སི་པེ་ལོ་སི་མཆོག་གི་ཐེ་ཝན་གྱི་འཚམས་གཟིགས་འདིའི་ཐད། ཨ་རི་རྒྱལ་ནང་དང་དེ་བཞིན་རྒྱལ་སྤྱིའི་ནང་བགྲོ་གླེང་བྱ་ཡུལ་གྱི་གནད་དོན་ཧ་ཅང་ཆེན་པོ་ཞིག་ཆགས་ཡོད་ཅིང་། ཨ་རིའི་སྲིད་འཛིན་སྦཡེ་ཌེན་གྱི་གཟའ་འཁོར་གཅིག་ཙམ་གྱི་སྔོན་གྲོས་ཚོགས་ཀྱི་ཚོགས་གཙོ་ཐེ་ཝན་དུ་ཕེབས་རྒྱུའི་འཆར་གཞིར་ཨ་རིའི་དམག་དོན་ཚན་པས་ད་ལྟའི་དུས་ཚོད་འདི་བཟང་པོ་མིན་ལུགས་བརྗོད་བཞིན་ཡོད་ལུགས་གསུངས་ཡོད་པ་རེད། འོན་ཀྱང་ཨ་རིའི་སྲིད་འཛིན་གྱི་ངོས་ནས་འདིའི་ཐད་དགོངས་ཚུལ་གང་ཡང་གསུངས་མེད།
ཨ་རིའི་ཕོ་བྲང་དཀར་པོའི་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་ལྷན་ཁང་གི་མགྲིན་ཚབ་པ་(John Kirby)་ལགས་ཀྱིས་གཟའ་ཟླ་བའི་ཉིན། སི་ཨེན་ཨེན་(CNN)་གསར་ལས་ཁང་ལ། ང་ཚོ་རྒྱལ་ཁབ་ཞིག་ཡིན་པའི་ཆ་ནས་དྲག་པོའི་ཚིག་རྩུབ་རང་བཞིན་དང་ཉེན་བརྡ་བཏང་པ་སོགས་ཀྱིས་དཔལ་ཞུམ་དགོས་དོན་མེད། གྲོས་ཚོགས་ཀྱི་ཚོགས་གཙོའི་འཚམས་གཟིགས་འདི་ནི་གལ་འགངས་རང་བཞིན་ཅན་ཞིག་ཡིན་སྟབས། ང་ཚོའི་ངོས་ནས་རྒྱབ་སྐྱོར་གང་དགོས་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།
གསར་འགོད་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།