བོད་དུ་ཕེབས་ཐབས་གནང་གི་འདུག
2013.04.19
༄༅། །དེ་ཡང་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་འགན་འཛིན་ལྕམ་ Navi Pillay མཆོག་གིས་ལྷོ་ཨཕ་རི་ཀའི་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་ཝེ་སིཀ་གཙུག་ལག་སློབ་གཉེར་ཁང་དུ་ཕྱི་ཚེས་༡༧ཉིན་གཙུག་ལག་སློབ་གཉེར་ཁང་དེའི་དགེ་ལས་སློབ་ཕྲུག་རྣམས་ལ་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་གསུང་བཤད་གནང་གྲུབ་མཚམས་དྲི་བ་དྲིས་ལན་གྱི་ལས་རིམ་ཞིག་གནང་ཡོད་པ་དང་། སྐབས་དེར་ལྷོ་ཨཕ་རི་ཀའི་སྐུ་ཚབ་དོན་གཅོད་མི་འགྱུར་རྡོ་རྗེ་ལགས་ཀྱིས་ལྕམ་ Navi Pillay མཆོག་ལ་ད་ལྟའི་བོད་ནང་གི་ཛ་དྲག་ཆེ་བའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྤྱི་དང་། ཡང་སྒོས་ཕྱི་ལོ་༢༠༠༩ནས་བཟུང་གཞིས་བཞུགས་བོད་མི་༡༡༥ནས་རྒྱ་ནག་གཞུང་ལ་ཞི་རྒོལ་ཆེད་རང་ལུས་མེར་སྲེག་བཏང་བའི་གནད་དོན་རྣམས་སྙན་སེང་ཞུ་སྐབས། ལྕམ་ Navi Pillay མཆོག་གིས་བོད་ནང་གི་ཛ་དྲག་གནས་སྟངས་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལས་ཁང་ནས་ཤེས་རྟོགས་ཡོད་པས་མ་ཟད། དེའི་ཐོག་ང་ཚོར་ཧ་ཅང་གི་སེམས་འཚབ་འདུག དེར་བརྟེན་དུས་ཚོད་གཏན་འཁེལ་བྱུང་མ་སོང་བ་མ་གཏོགས་རྒྱ་ནག་ཙམ་མ་ཟད། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ཐོག་ལྟ་སྐོར་ལ་བསྐྱོད་རྒྱུར་ང་ཚོས་འབད་བརྩོན་བྱེད་བཞིན་ཡོད་ཅེས་གསུང་འདུག།