བལ་ཡུལ་ནང་གི་འབྲུག་པ་སྐྱབས་བཅོལ་བ་ནུབ་ཕྱོཌ་སུ་གནས་སྤོ།
2009.10.18
༄༅༎བལ་ཡུལ་གྱི་རྒྱལ་ས་ཀཐ་མན་དྲུ་ནས་རྒྱ་ནག་གཞུང་གི་ཤིང་ཧཱ་གསར་ཤོག་ལས་ཁང་གིས་རེས་གཟའ་ཉི་མའི་ཉིན་གནས་ཚུལ་སྤེལ་བའི་ནང་འདས་པའི་ལོ་གཅིག་དང་ཕྱེད་ཀའི་ནང་བལ་ཡུལ་གྱི་ཤར་ཕྱོགས་སུ་གནས་སྡོད་བྱེད་མཁན་འབྲུག་པའི་སྐྱབས་བཅོལ་བ་མི་གྲངས་ཉིས་ཁྲི་ཉིས་སྟོང་ཙམ་ཞིག་ཨ་མི་རི་ཀ་དང་དེ་མིན་གྱི་ནུབ་ཕྱོགས་རྒྱལ་ཁབ་བདུན་ནང་སྐྱབས་བཅོལ་དུ་གནས་སྤོ་བྱས་ཡོད་པའི་གནས་ཚུལ་སྤེལ་ཡོད་པ་རེད།
དེ་ཡང་འཛམ་གླིངམཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ལྷན་ཁང་གི་འཕྲིན་གཏོང་དྲ་གནས་ཤིག་གི་ཐོག་སྙན་ཐོ་འདོན་སྤེལ་གནང་བར་གཞིགས་ན་བལ་ཡུལ་གྱི་ས་གནས་མོ་རང་དང་ཇཱ་པ་ཟེར་བའི་ནང་གནས་སྡོད་བྱེད་མཁན་གྱི་འབྲུག་པའི་སྐྱབས་བཅོལ་བ་མི་གྲངས་ཉིས་ཁྲི་ཉིས་སྟོང་ཙམ་ཡོད་པའི་ཁོངས་ནས་ཁྲི་གཉིས་ཙམ་ཨ་མི་རི་ཀའི་ནང་དུ་སྐྱབས་བཅོལ་དུ་གནས་སྤོས་བྱས་པ་དང་དེའི་འཕྲོས་ཀྱི་སྐྱབས་བཅོལ་བ་ཉིས་སྟོང་ཙམ་ནས་༩༣༧ཨོ་སི་ཀྲོ་ལི་ཡ་དང་ ༨༧༦ཁེ་ན་ཌ། ༣༡༠ནོར་ལྦེ། ༣༠༥ཌེན་མཀ། ༢༩༤ནིའུ་ཛི་ལེན་ཌི། ༡༢༢ཧོ་ལེན་ཌི་བཅས་སུ་སྐྱབས་བཅོལ་དུ་ལེན་ཡོད་པའི་སྐོར་དང་བལ་ཡུལ་གྱི་ཤར་ཕྱོགས་ཁུལ་གྱི་སྐྱབས་བཅོལ་བའི་སྡོད་སྒར་ཁག་བརྒྱད་ནང་དུ་ཁྱོན་འབྲུག་པའི་སྐྱབས་བཅོལ་བ་མི་གྲངས་འབུམ་གཅིག་ལྷག་ཡོད་པ་དེ་རྣམས་འདས་པའི་མི་ལོ་བཅོ་བརྒྱད་རིང་བལ་ཡུལ་དུ་སྐྱབས་བཅོལ་དུ་བསྡད་པ་དང་དེའི་ནང་ནས་མི་གྲངས་ཁྲི་བརྒྱད་ཙམ་ཨ་མི་རི་ཀ་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་ནང་སྐྱབས་བཅོལ་དུ་འགྲོ་རྒྱུའི་སྙན་ཞུའི་ཁོངས་སུ་ཚུད་ཡོད་པ་རེད།