ཨ་རིའི་མངའ་སྡེ་ལྦི་སི་ཀོན་སིན་དུ་མི་མང་གིས་གཞུང་ལ་ངོ་རྒོལ།
2011.02.20
༄༅།།ཨ་མི་རི་ཀའི་ཡུལ་དབུས་ཀྱི་མངའ་སྡེ་ལྦི་སི་ཀོན་སིན་གྱི་སྲི་ཞུ་བ་དང་ངལ་རྩོལ་དོན་གཉེར་བ་ཁྲི་བདུན་ཙམ་གྱིས་སོ་སོའི་ཐོབ་ཐང་སྲུང་སྐྱོབ་ཆེད་གཞུང་ལ་ངོ་རྒོལ་ཤུགས་ཆེ་བྱས་ཡོད་འདུག
མངའ་སྡེའི་རྒྱལ་ས་མེ་ཌི་སོན་གྱི་ཉེན་སྲུང་མི་སྣས་འགྲེལ་བརྗོད་བྱས་པར་གཞིགས་ན་རེས་གཟའ་སྤེན་པའི་ཉིན་གྲོས་ཚོགས་ཀྱི་ཕྱི་རོལ་དུ་མི་མང་ཁྲི་དྲུག་ཙམ་དང་གྲོས་ཚོགས་ཀྱི་ཚོགས་ཁང་ནང་བརྒྱད་སྟོང་ཙམ་འདུ་འཛོམས་ཀྱིས་ངལ་རྩོལ་མི་མང་གི་ཐོབ་ཐང་སྲུང་སྐྱོབ་ཆེད་ངོ་རྒོ་བྱེད་མུས་་ཀྱང་ད་བར་ཉེ་སྲུང་མི་སྣས་འཛིན་བཟུང་སོགས་དམ་བསྒྲགས་རིགས་གང་ཡང་བྱས་མི་འདུག། རེས་གཟའ་མིག་དམར་ཉིན་མངའ་སྡེའི་སྤྱི་མཐུན་ཚོགས་པའི་སྤྱི་ཁྱབ་ཀྱིས་མངའ་སྡེའི་དགོས་དངུལ་དཀའ་ངལ་སེལ་བའི་ཆེད་དུ་ལས་བྱེད་པ་ཚོས་འཕྲོད་བསྟེན་དང་རྒན་ཡོལ་གྱི་བསྡུ་ཆ་མཐོ་རུ་བཏང་བ་དང་སྦྲགས་སླད་ཕྱིན་ཆད་ནས་ལས་བྱེད་པའི་མཐུན་ཚོགས་རིགས་མེད་པ་བཟོ་རྒྱུའི་ཁྲིམས་འཆར་བཏོན་པ་ནས་བཟུང་མི་མང་གིས་གྲོས་ཚོགས་ཀྱི་ཕྱི་ནང་གང་སར་དགུན་དུས་ཀྱི་གྲངས་ངར་ལ་ལྟོས་མེད་ཀྱིས་ངོ་རྒོལ་ཤུགས་ཆེ་བྱེད་བཞིན་པ་རེད། སྤྱི་མཐུན་ཚོགས་པར་མང་མོས་ཡོད་པའི་ས་གནས་གྲོས་ཚོགས་ཀྱིས་ཁྲིམས་འཆར་དེ་ཕྱིར་འཐེན་བྱེད་རྩིས་མེད་ལུགས་གཏམ་བཤད་བྱེད་བཞིན་པ་རེད། འོན་ཀྱང་ཕྱོགས་འགལ་དམངས་གཙོ་ཚོགས་པ་དང་མི་མང་ཚོས་ཁྲིམས་འཆར་དེར་ངོ་རྒོལ་མཚམས་འཇོག་བྱེད་རྩིས་མེད་པ་མ་ཟད་ཕྱོགས་འགལ་ཚོགས་པའི་ཁྲིམས་བཟོ་བ་ཁག་གྲོས་འཆར་དེའི་ཐོག་གྲོས་ཚོགས་ནང་གྲོས་བསྡུར་བཀག་འགོག་ཆེད་མངའ་སྡེ་ཕྱིར་ཐོན་གྱིས་ཚོགས་བཅར་ཀྱང་ཞུས་མེད་པ་རེད། རྩོད་རྙོག་དེ་རིགས་ཨོ་ཧ་ཡོ་དང་ མི་ཤི་གེན་ ཨིན་ཌི་ཡ་ཎ་བཅས་ཀྱང་ལངས་རྒྱུའི་ཉེན་ཁ་ཡོད་འདུག།