བལ་ཡུལ་གྱིས་གནམ་གྲུ་ཆེ་བ་གནས་སྐབས་བཀག་འགོག་བྱས་འདུག
2015.05.04
ས་ཡོམ་གྱི་གོད་ཆག་དཀའ་ངལ་འཕྲད་ཡུལ་བལ་ཡུལ་གྱི་རྒྱལ་སྤྱིའི་གནམ་ཐང་ཆུང་དྲག་པའི་དཀའ་ངལ་འཕྲད་བཞིན་པ་རེད།
དེ་ཡང་བལ་ཡུལ་རྒྱལ་ས་ཀཐ་མན་ཀྲོའུ་རྒྱལ་སྤྱིའི་གནམ་ཐང་ནང་ཕྱིའི་རོགས་ཚོགས་ཀྱི་གནམ་གྲུ་མང་པོ་ཞིག་ཡོང་བཞིན་པར་བརྟེན་འབབ་ཡུལ་དོག་པོ་དང་། ས་ཡོམ་གྱི་རྐྱེན་པས་གནམ་གྲུའི་རྒྱུག་ལམ་ཁག་ལའང་སྐྱོན་ཆགས་ཤོར་ཡོད་པར་བརྟེན་ཚེས༣་རེས་གཟའ་ཉི་མའི་ཉིན་གནམ་གྲུ་ཆེ་བ་ཁག་འཕུར་བསྐྱོད་བྱ་རྒྱུར་བཀག་འགོག་མི་གནང་ཀ་མེད་ཆགས་ཡོད་པ་རེད། གནམ་གྲུ་ཆེ་བ་འཕུར་བསྐྱོད་མི་ཆོག་པ་དེས་དཀའ་སྡུག་འོག་ཚུད་པའི་མི་མང་ས་ཡ་མང་པོར་རྒྱལ་སྤྱིའི་རོགས་རམ་འབོར་འདྲེན་བྱ་རྒྱུར་དཀའ་ངལ་འཕྲད་ཀྱི་ཡོད་འདུག བལ་ཡུལ་རྒྱལ་སའི་Tribhuwanརྒྱལ་སྤྱིའི་གནམ་ཐང་གི་གཙོ་འཛིན་Birendra Shresthaཞུ་བས་གནམ་གྲུ་ཆེ་བའི་རྒྱུགས་ལམ་ཁག་ལ་སྐྱོན་ཆག་བྱུང་བའི་ཆ་ནས་གནས་སྐབས་རིང་བཀག་དགོས་བྱུང་བ་དང་། སྤྱིར་བཏང་བལ་ཡུལ་གནམ་ཐང་དེ་གནམ་གྲུ་འབྲིང་བའི་ཆེད་དུ་བཟོས་པ་ལས་དམག་མིའི་གནམ་གྲུ་ཆེན་པོ་དང་། དོ་པོ་འབོར་འདྲེན་བྱེད་མཁན་གནམ་གྲུ་ཆེན་པོ་དེ་འདྲ་འཕུར་བསྐྱོད་ཀྱི་ཆེད་བཟོས་པ་ཞིག་མིན་ལུགས་གསུངས་འདུག འོན་ཀྱང་གནམ་གྲུ་འབྲིང་བས་ས་ཡོམ་གྱི་གོད་ཆགས་བྱུང་བ་རྣམས་ལ་སྨན་དང་། ཟས་གོས། མྱུར་སྐྱོབ་ལས་འགུལ་སོགས་མུ་མཐུད་སྤེལ་བཞིན་ཡིན་འདུག
བལ་ཡུལ་ནང་རྒྱལ་སྤྱིའི་རོགས་རམ་མང་པོ་ཞིག་ཡོང་བཞིན་པ་ཡིན་ཀྱང་། བལ་ཡུལ་གྱི་མཐའ་མཚམས་དང་རི་ཁྲོད་ས་ཁུལ་དུ་ད་དུང་རོགས་རམ་མཁོ་སྤྲོད་ཐུབ་ཀྱི་མེད་པ་དང་། དེ་ཐོག་གནམ་ཐང་གུ་ཡུལ་དོག་པོ་ཡོད་པའི་དཀའ་ངལ་དེས་ས་ཡོམ་གྱི་གོད་ཆགས་ཕོག་པར་རོགས་སྐྱོར་བྱ་རྒྱུར་དཀའ་ངལ་གསར་པ་ཞིག་འཕྲད་བཞིན་ཡིན་འདུག ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྐྱོབ་གསོ་བགོས་འགྲེམས་བྱ་ཕྱོགས་དང་། སྒོ་ཁྲལ་ལེན་ཕྱོགས་སོགས་ཀྱི་ཐོག་བློ་འཚབ་ཡོད་སྐོར་བལ་ཡུལ་གཞུང་ལ་ཞུས་པ་དེར་བལ་ཡུལ་གཞུང་གིས་ཕྲན་བུ་དགོངས་བཞེས་གནང་བཞིན་པ་ཡིན་ལུགས་བལ་ཡུལ་ནང་གི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་མཐུད་པ་Jamie McGoldrickལགས་ཀྱིས་གསུངས་འདུག
བལ་ཡུལ་རྒྱལ་ཁབ་ལ་ད་ལྟའི་ཆར་རྒྱལ་སྤྱིའི་གནམ་ཐང་གཅིག་ལས་མེད་པ་རེད།
གསར་འགོད་པ་ཚེ་དབང་དངོས་གྲུབ།