བལ་ཡུལ་དང་རྒྱ་གར་བར་ཚོང་དོན་གྱི་གྲོས་མཐུན་བྱུང་ཡོད་པ།

བལ་ཡུལ་གྱི་སྲིད་བློན་རྒྱ་གར་དུ་འཚམས་འདྲིར་ཕེབས་ཏེ་ཡུལ་གཉིས་བར་ལ་ཚོང་དོན་གྱི་གྲོས་མཐུན་གསར་པ་ཞིག་ཐོག་གྲོས་འཆམ་བྱུང་འདུག

2009.08.22

༄༅༎བལ་ཡུལ་གྱི་སྲིད་བློན་མ་རྡལྦ་ཀུ་མའར་ནེ་པལ་ད་རེས་རྒྱ་གར་དུ་འཚམས་འདྲིར་ཕེབས་ཏེ་རེས་གཟའ་སྤེན་པའི་ཉིན་བལ་ཡུལ་དང་རྒྱ་གར་གཉིས་བར་ལ་ཚོང་དོན་གྱི་གྲོས་མཐུན་གསར་པ་ཞིག་ཐོག་གྲོས་འཆམ་བྱུང་ཡོད་པ་རེད།

བལ་པོའི་སྲིད་བློན་མ་རྡལྦ་ཀུ་མའར་ནེ་པལ་འདི་ལོའི་ཕྱི་ཟླ་ལྔ་པའི་ནང་སྲིད་བློན་དུ་བསྐོ་བཞག་བྱུང་བ་ནས་བཟུང་འདས་པའི་ཟླ་གསུམ་ལྷག་ཙམ་དེའི་ནང་ཐེངས་དང་པོ་གཞུང་འབྲེལ་གྱི་འཚམས་འདྲི་དེ་རྒྱ་གར་དུ་ཕེབས་པ་དང་དེའི་དམིགས་ཡུལ་ནི་ཡུལ་གྲུ་གཉིས་བར་འབྲེལ་ལམ་གྱི་ནུས་སྟོབས་ཆེ་རུ་གཏོང་རྒྱུ་ཡིན་ཞིང་དེ་རེང་རེས་གཟའ་སྤེན་པའི་ཉིན་ཉིན་མ་ལྔའི་གཞུང་འབྲེལ་གྱི་འཚམས་འདྲི་མཇུག་སྒྲིལ་ཡོད་པ་རེད། དེ་རིང་བལ་པོའི་སྲིད་བློན་གྱིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་དུ་ད་རེས་ཁོང་རྒྱ་གར་དུ་འཚམས་འདྲིར་ཕེབས་ཏེ་རྒྱ་གར་གྱི་སྲིད་བློན་མཱན་མོ་ཧན་སིང་མཆོག་དང་མཇལ་འཕྲད་གནང་བ་དང་ཚོང་འབྲེལ་གྲོས་མཐུན་གསར་པ་གྲོས་འཆམ་བྱུང་བ།ཕྱོགས་གཉིས་ཀྱི་ས་མཚམས་ཕན་ཚུན་དངུལ་དང་དུག་རྫས།མཚོན་ཆ་ནག་ཚོང་རྒྱབ་ཀྱི་ཡོད་པའི་གནད་དོན་སོགས་ཐོག་བཀའ་བསྡུར་གནང་སྟེ་ཁྱིམ་མཚེས་ཡུལ་གྲུ་གཉིས་བར་ལ་བཟང་ཕྱོགས་ཀྱི་འབྲེལ་ལམ་ཧ་ཅང་གི་ཡག་པོ་བྱུང་བ་དང་འཚམས་འདྲི་ཧ་ཅང་གི་ལམ་ལྷོང་ཆེན་པོ་བྱུང་ཞེས་དགའ་ཚོར་ཆེན་པོའི་བསྔགས་བརྗོད་གནང་ཡོད་པ་རེད། རྒྱ་གར་དང་ཁྱིམ་མཚེས་ཡུལ་གྲུ་བལ་ཡུལ་གཉིས་ནི་འབྲེལ་ལམ་ཉེ་བའི་གནའ་འབྲེལ་གྱི་ཡུལ་གྲུ་ཞིག་དང་ཚོང་འབྲེལ་ལྡན་པའི་རྒྱལ་ཁབ་གཙོ་བོ་ཞིག་ཏུ་གྱུར་ཏེ་འབྲེལ་ལམ་ཡག་པོ་ཡོད་པ་ཞིག་ཡི་ནཔ་དང་ཡིན་ནའང་དེ་སྔ་བལ་ཡུལ་ནང་དུ་མི་ལོ་བཅུ་ཕྲག་རིང་མའོ་གྱེན་ལོག་ཤོག་ཁག་གིས་རྒྱལ་ནང་དམག་འཁྲུག་བརྒྱབ་པ་དང་དེ་རྗེས་ཕྱི་ལོ་ཉིས་སྟོང་དྲུག་ལོར་གཞུང་དང་མའོ་གྱེན་ལོག་ཤོག་ཁག་བར་ཞི་བའི་གྲོས་འཆམ་བྱུང་བའི་རྗེས་མའོ་གྱེན་ལོག་ཤོག་ཁག་གཞུང་ནང་འཛུལ་ཞུགས་བྱས་པ་མ་ཟད་འོས་བསྡུའི་ནང་རྒྱལ་ཁ་ཆེན་པོ་ཐོབ་སྟེ་མའོ་གྱེན་ལོག་ཤོག་ཁག་གིས་གཞུང་གསར་པ་གསར་འཛུགས་བྱས་པ་ནས་བཟུང་རྒྱ་གར་བར་གྱི་འབྲེལ་ལམ་ཇེ་སྡུག་ཕྱིན་ཡོད་པ་རེད།

ད་རེས་བལ་ཡུལ་གྱི་སྲིད་བློན་ཁོང་གིས་བལ་པོའི་གཡོན་ཐལ་ཆེ་བའི་ཆབ་སྲིད་ཚོགས་པས་རྒྱ་གར་གཞུང་གིས་བལ་ཡུལ་གྱི་ནང་སྲིད་ལ་ཐེ་ཇུས་བྱེད་པ་དང་བལ་ཡུལ་གཞུང་ལམ་ལྷོང་མི་ཡོང་བའི་ཐབས་རྒྱ་ཇུས་གཏོང་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་བྱེད་བཞིན་པ་དང་ལྷག་པར་དུ་བལ་པོའི་དེ་སྔའི་སྲིད་བློན་ཚོས་གཞུང་འཛིན་གནང་སྟེ་གཞུང་འབྲེལ་གྱི་འཚམས་འདྲི་ཐེངས་དང་པོ་དེ་རྒྱ་ནག་ཏུ་ཕེབས་དང་དེ་རྗེས་རྒྱ་གར་དུ་ཕེབས་སྲོལ་ཡོད་ཀྱང་ད་རེས་ཁོང་གི་འཚམས་འདྲི་ཐོག་མ་དེ་རྒྱ་གར་དུ་ཕེབས་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎