བལ་བོད་ས་མཚམས་ནས་བོད་མི་གསུམ་འཛིན་བཟུང༌།
2011.01.18
༄༅༎བལ་ཡུལ་གྱི་ཉེན་རྟོག་པས་བོད་དང་བལ་ཡུལ་གྱི་ས་མཚམས་ག་རྟེ་ཁོ་ལ་ཟེར་བ་ནས་གཟའ་སྤེན་པའི་ནམ་ཕྱེད་མཚམས་ལ་བོད་མི་བཙན་བྱོལ་དུ་ཡོང་མཁན་གསུམ་འཛིན་བཟུང་བྱས་འདུག བལ་ཡུལ་གྱི་ས་གནས་ཉེན་རྟོག་པས་བོད་མི་དེ་དག་གསུམ་ལ་བལ་ཡུལ་ནང་བསྐྱོད་ཆོག་པའི་ཁྲིམས་མཐུན་ཁག་འཁྱེར་མེད་པར་བརྟེན་ནས་འཇུ་བཟུང་བྱས་པ་ཡིན་ལུགས་དང་ སྐད་ཡིག་མི་མཐུན་པའི་རྐྱེན་གྱིས་གནས་ཚུལ་གོ་བརྡ་མ་འཕྲོད་པར་ད་ལྟའི་ཆར་བོད་མི་དེ་དག་་སུ་ཡིན་མིན་ངོ་ཐག་གཅོད་བཞིན་པ་ཡིན་ལུགས་བཤད་ཡོད་པ་རེད་ ཡིན་ནའང་བོད་མི་གསུམ་པོ་དེ་དག་བོད་ཀྱི་རྒྱལ་ས་ལྷ་ས་བརྒྱུད་ནས་ཡོང་བ་ཞིག་ཡིན་པ་ཤེས་རྟོགས་བྱུང་བའི་སྐོར་དང་ ས་གནས་ཉེན་རྟོག་དཔོན་རིགས་ཚོས་ བོད་མི་དེ་དག་བལ་ཡུལ་ཕྱི་མི་གཞིས་སྤོས་ལས་ཁུངས་ལ་རྩིས་སྤྲོད་བྱ་རྒྱུ་ཡིན་པ་དང་ དེའི་སྔོན་ལ་ཁོང་ཚོར་དྲི་ཞིབ་བྱ་རྒྱུ་ཡིན་ལུགས་ཀྱང་ བལ་པོའི་དཔོན་རིགས་ཀྱིས་བཤད་འདུག བལ་ཡུལ་དང་རྒྱ་ནག་གཞུང་དབར་ན་ནིང་ལོའི་ཕྱི་ཟླ་བཅུ་གཅིག་པའི་ནང་ དོན་ཚན་བཅུ་གསུམ་བྱས་པའི་ས་མཚམས་བདེ་འཇགས་སྲུང་སྐྱོབ་ཀྱི་གྲོས་གཞིར་གྲོས་ཆོད་བཞག་ཡོད་པ་དང་ དེའི་ནང་ བོད་དང་བལ་ཡུལ་གྱི་ས་མཚམས་ནས་བོད་མི་བལ་ཡུལ་ནང་བྲོས་བྱོལ་དུ་འགྲོ་མཁན་ཚོར་དམ་བསྒྲགས་བཀག་སྡོམ་བྱ་རྒྱུའི་ནང་དོན་འཁོད་ཡོད་པ་རེད།