བལ་ཡུལ་སྲིད་བློན་དུ་མའོའི་འགོ་ཁྲིད་གཏན་འཁེལ་བྱུང༌ཡོད་པ།
2008.08.16
༄༅༎བལ་ཡུལ་གྱི་མའོ་དམར་ཤོག་ཚོགས་པའི་འགོ་ཁྲིད་ པར་ཅན་རྡ་ བལ་ཡུལ་གྱི་སྲིད་བློན་དུ་འདེམས་ཐོན་བྱུང་འདུག བལ་ཡུལ་གྱི་ཁྲིམས་བཟོའི་འཐུས་མི་༤༦༤ ཡིས་སྲིད་བློན་འོས་དམིགས་ མའོའི་དམར་ཤོག་ཚོགས་པའི་འགོ་ཁྲིད་ པར་ཅན་རྡ་ ལ་རྒྱབ་སྐྱོར་དང་༡༡༣ གྱིས་དགག་པ་གནང་འདུག མའོའི་དམར་ཤོག་ཚོགས་པར་བལ་ཡུལ་གྱི་དམར་ཤོག་ཡུ་ཨེམ་ཨེལ་ཚོགས་པ་དང་ མ་རྡེ་ཤི་མི་མང་ཐོབ་ཐང་འདུན་ས་ཚོགས་པ་བཅས་གཞན་ཚོགས་པ་ཆུང་ངུ་ཁག་ཅིག་གིས་རྒྱབ་སྐྱོར་གནང་ཡོད་སྟབས་ མང་མོས་རྒྱབ་སྐྱོར་འཐོབ་ངེས་པར་འགྱུར་ཡོད་པ་རེད་ གང་ལྟར་བལ་ཡུལ་གྱི་རྒྱལ་པོའི་རིང་ལུགས་ལོ་ངོ་༢༤༠ ཙམ་གྱི་རྗེས་སུ་མཇུག་བསྒྲིལ་བ་ཡིན་ཞིང་ གཡོན་ཐལ་ཤོག་ཁག་གིས་འགོ་འཁྲིད་འོག་བལ་ཡུལ་ནང་བཅོས་བསྒྱུར་ཆེན་པོ་ཡོང་བའི་མངོན་དཔག་གནང་གི་ཡོད་པ་རེད་ མའོའི་དམར་ཤོག་ཚོགས་པའི་འགོ་ཁྲིད་རིམ་པ་གཉིས་པ་ སྦ་སྦུ་རམ་ སྦ་ར་རའེ་ ཡིས་རང་ཉིད་ཀྱི་ཚོགས་པའི་འགོ་ཁྲིད་ པར་ཅན་རྡ་ ལ་བསྟོད་པ་ཆེན་པོ་ཕུལ་ཏེ་ཡོ་རོབ་ཀྱི་ཡུལ་གྲུ་ཕེརན་སི་དང་ཨུ་རུ་སུ་བཅས་ཀྱི་ནང་མཚན་སྙན་ཆེ་བའི་དབུ་ཁྲིད་བྱུང་སྟེ་བཅོས་བསྒྱུར་ཆེན་པོ་གཏོང་ཐུབ་ཡོད་པ་ལྟར་ བལ་ཡུལ་ནང་མི་སེར་རྒྱལ་ཁབ་གསར་འཛུགས་ཀྱི་ལས་དོན་གལ་འགངས་ཆེན་པོ་དེ་ པར་ཅན་རྡ་ ཡིས་དབུ་ཁྲིད་ལམ་སྟོན་འོག་བྱུང་བ་ཡིན་ལུགས་འགྲེལ་བརྗོད་གནང་འདུག མའོའི་དམར་ཤོག་ཚོགས་པའི་འགོ་ཁྲིད་ཀྱི་སྲིད་གཞུང་འོག་ད་ཡོད་ཀྱི་མའོའི་དམར་ཤོག་ཚོགས་པའི་དྲག་སྤྱོད་པ་སྟོང་ཕྲག་མང་པོ་ཡོད་པ་དེ་དག་གཞུང་དམག་ཁོངས་སུ་འཇུག་ཕྱོགས་བཅས་ཀྱི་ཐད་དཀའ་རྙོག་འཕྲད་ངེས་པ་མ་ཟད་ མི་མང་གི་བདེ་དོན་ལ་དམིགས་པའི་ལས་འཆར་མང་པོ་ལག་བསྟར་བྱེད་དགོས་ཀྱང་འགྲོ་གྲོན་གཏོང་དམིགས་མེད་པའི་དཀའ་ངལ་ཡང་འཕྲད་ངེས་པ་སོགས་མདོ་དོན་མའོའི་དམར་ཤོག་ཚོགས་པས་གཞུང་འཛིན་འགན་ཁུར་སྐབས་མང་གཙོའི་ལམ་སྲོལ་ལ་བརྩི་འཇོག་ཇི་ཙམ་ཡོང་མིན་མི་མང་གི་མཐོང་ཆོས་སུ་ཡོང་ངེས་པ་ཡིན་པ་རེད།