རྒྱ་ནག་གིས་བལ་ཡུལ་ནུབ་བྱང་ལ་ཆུ་ཤུགས་གློག་ཁང་བསྐྲུན་རྒྱུ།
2015.04.14
རྒྱ་ནག་གི་འབྲི་ཆུ་འགག་གསུམ་གྱི་ཆུ་བེད་བཟོ་ལས་ཁང་གིས་བལ་ཡུལ་ནུབ་བྱང་ལ་ཆུ་ཤུགས་གློག་ཁང་གསར་བསྐྲུན་བྱེད་རྒྱུ་ཡིན་པ་རེད།
དེ་ཡང་རྒྱ་ནག་གི་འབྲི་ཆུ་འགག་གསུམ་གྱི་བཟོ་ལས་ཁང་གིས་བལ་ཡུལ་གྱི་ནུབ་བྱང་ས་ཁུལ་དུ་ཆུ་ཤུགས་གློག་ཁང་གསར་བསྐྲུན་ལས་འཆར་ལ་བལ་ཡུལ་གྱི་མ་དངུལ་འཛུགས་འཇོག་འགན་འཛིན་ལྷན་ཁང་གི་བཀའ་ཁྲོལ་སྤྲད་ཡོད་པ་དང་། བལ་ཡུལ་གྱི་མ་དངུལ་འཛུགས་འཇོག་འགན་འཛིན་ལྷན་ཁང་གི་མགྲིན་ཚབ་པ་སྐུ་ཞབས་ Ghanashyam Ojha གྱིས་རེས་གཟའ་ཟླ་བ་ཉིན་གསར་འགོད་པར་འགྲེལ་བརྗོད་གནང་བའི་ནང་། བལ་ཡུལ་གྱི་ནུབ་བྱང་ཁུལ་དུ་རྒྱུགས་བཞིན་པའི་ ནུབ་སེ་ཏི་ཆུ་བོའི་ཐོག་རྒྱ་ནག་གི་འབྲི་ཆུ་འགག་གསུམ་གྱི་ཆུ་བེད་བཟོ་ལས་ཁང་གིས་གློག་ཤུགས་megawatts༧༥༠་འདོན་ཐུབ་པའི་ཆུ་ཤུགས་གློག་ཁང་གསར་བསྐྲུན་ཆེད་ཆུ་རག་གསར་རྒྱག་བྱེད་རྒྱུ་ཡིན་པ་དང་། དེའི་ཐོག་བལ་ཡུལ་གྱི་མ་དངུལ་འགན་འཛིན་ལྷན་ཚོགས་ཀྱིས་མཐའ་མའི་བཀའ་ཁྲོལ་སྤྲད་ཟིན་པའི་ངོ་སྤྲོད་གནང་འདུག
བལ་ཡུལ་གྱི་ནུབ་བྱང་དུ་རྒྱུགས་པའི་ནུབ་སེ་ཏི་ཆུ་བོའི་ཐོག་ཆུ་རག་རྒྱག་རྒྱུའི་བཀའ་ཁྲོལ་སྔོན་འགྲོ་དེ་བལ་ཡུལ་གྱི་གྲོས་ཚོགས་ཀྱི་ཚོགས་ཆུང་ཞིག་གིས་ཕྱི་ལོ་་༢༠༡༢་ལོར་བཀའ་ཁྲོལ་དང་པོ་དེ་གནང་ཡོད་པ་རེད། འོན་ཀྱང་བལ་ཡུལ་གྱི་མ་དངུལ་འགན་འཛིན་ཚོགས་པས་བཀའ་ཁྲོལ་མེད་པར་ད་བར་དུས་འགྱངས་བྱུང་ཡོད་པ་རེད་འདུག
བལ་ཡུལ་འདི་བཞིན་ཉམ་ཐག་ཅན་གྱི་རྒྱལ་ཁབ་ཅིག་ཡིན་པ་དང་། ལྷག་དོན་གློག་ཤུགས་ཀྱི་དཀའ་ངལ་ཆེན་པོ་ཡོད་བཞིན་པའི་རྒྱལ་ཁབ་ཅིག་ཡིན་དུས་རྒྱ་ནག་དང་རྒྱ་གར་གཉིས་ཀས་ས་ཁུལ་དེར་ཤུགས་རྐྱེན་བཟོ་ཐབས་ཀྱི་འཆར་གཞི་བཀོད་ཀྱི་ཡོད་ཅིང་། ཆུ་ཤུགས་གློག་ཁང་གསར་རྒྱག་ཆེད་ཆུ་རག་འདི་བཞིན་རྒྱ་ནག་གི་ཤུགས་རྐྱེན་བཟོ་རྒྱུའི་ལས་གྲ་ཞིག་ཡིན་ཅིང་། འདས་པའི་ལོའི་ནང་རྒྱ་གར་གྱི་ངོས་ནས་ཀྱང་ཆུ་གློག་ནུས་ཤུགས་ཀྱི་ཨ་སྒོར་ཐེར་འབུམ་༢་དང་གྲངས་ཆུ་༤་བཀའ་ཁྲོལ་གནང་ཟིན་ཡོད་པ་རེད
གསར་འགོད་པ་ཀརྨ་རྡོ་རྗེ།