བལ་ཡུལ་གྱིས་རྩ་ཁྲིམས་ཟིན་བྲིས་བཏོན་ཐུབ་ཀྱང་ངོ་རྒོལ་ཡོད་པ།
2015.07.01
བལ་ཡུལ་ནང་གླེང་སློང་ཡོད་མིན་ལ་མ་ལྟོས་པར་ཁ་ས་སྔོན་འགྲོའི་རྩ་ཁྲིམས་ཟིན་བྲིས་བཏོན་ཡོད་པ་དང་དེར་ངོ་རྒོལ་ཀྱང་བྱེད་བཞིན་པ་རེད།
དེ་ཡང་རིའུ་ཀྲར་གསར་འགྱུར་ལས་ཁང་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཁ་ས་ཚེས་༣༠གཟའ་མིག་དམར་ཉིན་བལ་ཡུལ་གྱིས་སྔོན་འགྲོའི་རྩ་ཁྲིམས་ཟིན་བྲིས་བཏོན་ཡོད་པ་རེད། འོན་ཀྱང་ཕྱོགས་འགལ་ཚོགས་པའི་ཚོགས་མི་ཁག་ཅིག་གིས་རྩ་ཁྲིམས་ཟིན་བྲིས་ཀྱི་འདྲ་བཤུས་འགྲེམས་སྤེལ་བྱས་པ་དེ་དག་དབྲལ་ནས་ངོ་རྒོལ་བྱས་ཏེ་དེ་ནི་མང་ཚོགས་རྒྱ་ཆེ་བས་མོས་མཐུན་དང་། ཁེ་ཕན་མེད་པའི་ཟིན་བྲིས་ཤིག་ཡིན་ལུགས་སྐྱོན་བརྗོད་བྱས་ཡོད་པ་རེད། དེ་སྔ་ཕྱི་ལོ་༢༠༠༦ལོར་མའོའི་གྱེན་ལོག་ཤོག་ཁག་དང་མཉམ་དུ་གཞུང་ནས་འདུམ་འགྲིག་བྱས་པའི་སྐབས་སུ་རྩ་ཁྲིམས་གསར་བཟོ་བྱེད་རྒྱུའི་གྲོས་མཐུན་བྱུང་ཡོད་ཀྱང་། ལོ་མང་རིང་བཟོ་ཐུབ་མེད་པ་རེད། འོན་ཀྱང་ཉེ་ཆར་བལ་ཡུལ་ནང་ས་ཡོམ་གྱི་གོད་ཆག་ཚབས་ཆེ་བྱུང་བའི་རྗེས་སུ་ཚང་མས་ཟིན་བྲིས་བཟོ་རྒྱུའི་མོས་མཐུན་རོབ་ཙམ་བྱུང་ནས་ད་ལྟའི་ཟིན་བྲིས་འདི་བཞིན་གཏན་འཁེལ་བ་ཞིག་ཡིན་འདུག རྩ་ཁྲིམས་ཟིན་བྲིས་ཚོགས་ཆུང་ནང་གི་ཚོགས་མི་ Ramesh Lekhakགྱིས། བལ་ཡུལ་རྒྱལ་ཁབ་ནང་ཆབ་སྲིད་དང་། མང་གཙོའི་ལམ་ལུགས་ཚགས་ཚུད་དུ་གཏོང་ཐབས་སུ་གོམ་པ་གསར་པ་ཞིག་སྤོས་ཐུབ་ཡོད་པ་དང་། དེས་མ་འོངས་པར་ཡུལ་གྱི་བརྟན་ལྷིང་དང་། དཔལ་འབྱོར་ཡར་རྒྱས་ཡོང་ཐབས་སུའང་ཕན་ཐོགས་ཡོང་རྒྱུ་ཡིན་ལུགས་འགྲེལ་བརྗོད་གནང་འདུག ད་ལྟའི་ཟིན་བྲིས་འདི་བཞིན་རིང་མིན་མང་ཚོགས་ནས་ཆ་ཚང་ཤེས་རྟོགས་ཐུབ་ཐབས་སུ་འགྲེམས་སྤེལ་བྱེད་འཆར་ཡོད་འདུག འོན་ཀྱང་གོང་ཞུས་ཟིན་བྲིས་དེའི་ཐོག་ཕྱོགས་འགལ་ཚོགས་པ་ཙམ་མ་ཡིན་པར་ཁྲིམས་ཁང་ཆེ་བ་ཞིག་ནས་ཀྱང་ས་ཡོམ་གྱི་གོད་ཆགས་འོག་ནས་ཧོད་རྒྱུགས་ཀྱིས་ཆབ་སྲིད་ཀྱི་དགོས་མཁོ་དང་བསྟུན་ནས་བཟོས་པ་ཞིག་ཡིན་དུས་ཁྲིམས་དང་མཐུན་པ་ཞིག་ཡིན་མིན་ཡང་ཐེ་ཚོམ་གྱི་རང་བཞིན་རེད་ཅེས་སྐྱོན་བརྗོད་བྱེད་ཡོད་པ་རེད།
གསར་འགོད་པ་རིག་འཛིན་ཆོས་སྒྲོན།