ཕྱི་རྒྱལ་མྱུར་སྐྱོབ་མཁན་ཚོ་བལ་ཡུལ་ནས་ཕྱིར་ལོག་རོགས།
2015.05.05
བལ་ཡུལ་ནང་མྱུར་སྐྱོབ་ཆེད་འབྱོར་བའི་ཕྱི་རྒྱལ་བ་ཚོ་ཕྱིར་ལོག་དགོས་པ་བལ་ཡུལ་གཞུང་གིས་འབོད་སྐུལ་གནང་ཡོད་འདུག
དེ་ཡང་བལ་ཡུལ་གྱི་དྲིལ་བསྒྲགས་བློན་ཆེན་Manindra Rijalམཆོག་གིས། རྒྱལ་ས་ཀཐ་མན་གྲུ་དང་། ཉེ་འཁོར་གྱི་ས་གནས་ཁག་ཏུ་མྱུར་སྐྱོབ་ཀྱི་ལས་དོན་ཕལ་ཆེར་རྫོགས་ཟིན་ཡོད་པ་དང་། འཕྲོས་ལས་དོན་རྣམས་ས་གནས་ཡུལ་མིས་མཇུག་སྐྱོང་བྱེད་ཐུབ་ཀྱི་རེད། འོན་ཀྱང་ས་མཚམས་ལུང་ཁུག་ཁག་ཏུ་ད་ལྟའང་དགོས་མཁོ་ཡོད་པ་རྣམས་ས་གནས་ཉེན་རྟོག་མི་སྣ་དང་། དམག་མིའི་མྱུར་སྐྱོབ་བྱེད་མཁན་ཚོ་དང་འབྲེལ་མཐུད་བྱེད་དགོས་ལུགས་གསུངས་པ་དང་། ཆབས་ཅིག་སྤྱི་ཡོངས་ནས་མྱུར་སྐྱོབ་ཀྱི་ལས་དོན་གང་འཚམས་བྱས་ཟིན་ཡོད་སྟབས་ཕྱི་རྒྱལ་མྱུར་སྐྱོབ་ལས་དོན་སྤེལ་མཁན་ཚོ་བལ་ཡུལ་ནས་ཕྱིར་ཐོན་རོགས་ཞེས་འབོད་སྐུལ་གནང་ཡོད་འདུག ད་ལྟའི་ཆར་བལ་ཡུལ་གྱི་རྒྱལ་སའི་ནང་། རྒྱལ་སྤྱིའི་གནམ་གྲུ་འབབ་སའི་གནམ་ཐང་གཅིག་ལས་མེད་པ་དང་། དེ་ཡང་ལྗིད་ཚད་ཆེ་བའི་འཕྲུལ་ཆས་རིགས་འོར་འདྲེན་དང་། བབས་ཚུགས་བྱེད་རྒྱུའི་མཐུན་རྐྱེན་ལྡེང་ངེས་མེད་སྟབས། ཉིན་ཤས་རིང་གནམ་གྲུའི་ནང་བཅའ་དངོས་ཧ་ཅང་འཕོན་ཆེ་འོར་འདྲེན་བྱས་པའི་རྐྱེན་གྱིས་གནམ་ཐང་ལ་གས་སྐྱོན་བྱུང་ཡོད་པ་བཅས་ལ་བརྟེན་ད་ལྟའི་ཆར་རོགས་རམ་གྱི་བཅའ་དངོས་ཕྱི་ཕྱོགས་ནས་གནམ་ཐང་ལ་ཕབ་རྒྱུར་ཡང་དཀའ་ངལ་འཕྲད་ཀྱི་ཡོད་པའི་སྐོར་རྒྱལ་སྤྱིའི་འབྲེལ་མཐུད་པས་གསུངས་འདུག
གསར་འགོད་པ་རིག་འཛིན་ཆོས་སྒྲོན།