ས་ཡོམ་གྱི་རྐྱེན་པས་བལ་ཡུལ་གྱི་དཔལ་འབྱོར་ཉམས་རྒུད་འགྲོ་སྲིད་པ།
2015.05.07
ས་ཡོམ་གྱི་གོད་ཆག་གི་རྐྱེན་པས་མ་འོངས་དུས་ཡུན་གང་འཚམས་རིང་བལ་ཡུལ་གྱི་དཔལ་འབྱོར་ཉམས་རྒུད་འགྲོ་སྲིད་པ་ཡིན་འདུག
དེ་ཡང་ཟླ་བ་སྔོན་མའི་ཚེས་༢༥ཉིན་བལ་ཡུལ་ནང་བརྒྱབ་པའི་ས་ཡོམ་གྱི་གོད་ཆག་དེའི་རྐྱེན་པས། མ་འོངས་པའི་དུས་ཡུན་གང་འཚམས་རིང་བལ་ཡུལ་གྱི་དཔལ་འབྱོར་ཉམས་རྒུད་འགྲོ་སྲིད་པ་རེད་ཅེས་རྒྱལ་སྤྱིའི་མ་དངུལ་ཐེབས་རྩ་ལས་ཁང་གིས་འགྲེམ་སྤེལ་གནང་བའི་སྙན་ཐོའི་ནང་བཀོད་ཡོད་པ་དང་། སྤྱིར་བཏང་རྒྱལ་སྤྱིའི་མ་དངུལ་ཐེབས་རྩ་ལས་ཁང་གིས་འཛམ་གླིང་རྒྱལ་ཁབ་སོ་སོའི་ནང་དཔལ་འབྱོར་གྱི་གནས་སྟངས་ཇི་འདྲ་ཡོང་བཟོ་ཡོད་པའི་ཚོད་དཔག་གི་སྙན་ཐོ་ཞིག་ལོ་ལྟར་འདོན་སྤེལ་བྱ་སྲོལ་ཡོད་པ་ལྟར། འདི་ལོའི་སྙན་ཐོ་དེ་བཞིན་ཕྱི་ཟླ་༤པའི་ཚེས་༡༤སྟེ་ས་ཡོམ་གྱི་རྐྱེན་ངན་མ་བྱུང་གོང་འདོན་སྤེལ་གནང་བའི་ནང༌། ཕྱི་ལོ་༢༠༡༥ལོའི་ནང་བལ་ཡུལ་གྱི་དཔལ་འབྱོར་བརྒྱ་ཆ་༥ཙམ་འཕར་ཆ་འགྲོ་སྲིད་པའི་ཚོད་དཔག་གནང་ཡོད་ཀྱང༌། ཉེ་ལམ་ས་ཡོམ་གྱི་རྐྱེན་ངན་ཤུགས་ཆེ་ཞིག་བྱུང་བ་དེའི་རྐྱེན་པས་མི་རྒྱུ་གཉིས་ལ་ཚབས་ཆེའི་གོད་ཆག་བྱུང་བར་སོང༌། མ་འོངས་པར་རྒྱལ་ཁབ་ཀྱི་དགོས་མཁོའི་དངོས་རྫས་རིགས་ཕྱི་ནས་ནང་འདྲེན་བྱེད་དགོས་པ་ཆགས་རྒྱུ་ཡིན་པ་མ་ཟད། བལ་ཡུལ་དུ་ཡུལ་སྐོར་སྤྲོ་འཆམ་པ་ཡོང་མཁན་ཡང་ཉུང་དུ་འགྲོ་རྒྱུ་ཡིན་པ་སོགས་ཀྱི་རྐྱེན་པས། ཡུལ་དེའི་དཔལ་འབྱོར་འཕེལ་རྒྱས་གནས་སྐབས་རིང་ཉམས་རྒུད་དུ་འགྲོ་བཟོ་ཡོད་པར་སོང༌། བདུན་ཕྲག་རྗེས་མའི་ནང་རྒྱལ་སྤྱིའི་མ་དངུལ་ཐེབས་རྩ་ལས་ཁང་གི་རྟོགས་ཞིབ་ཚོགས་ཆུང་ཞིག་བལ་ཡུལ་ནང་བསྐྱོད་དེ་གནས་སྟངས་ཞིབ་འཇུག་དང་སྦྲགས། རྒྱལ་ཁབ་གཞན་དང་རོགས་ཚོགས་ཁག་གིས་བལ་ཡུལ་ལ་རོགས་སྐྱོབ་ཇི་འདྲ་བྱས་ན་ལེགས་པ་ཡོད་མིན་གཟིགས་རྟོགས་གནང་རྒྱུ་ཡིན་སྐོར་རྒྱལ་སྤྱིའི་མ་དངུལ་ཐེབས་རྩ་ལས་ཁང་གི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་ལས་དོན་འགན་འཛིན་སྐུ་ཞབས་ Changyong Rheeཡིས་འདི་ཚེས་༧ཉིན་སིང་གྷ་པུར་ནང་སྐོང་འཚོགས་གནང་བའི་ཚོགས་འདུ་ཞིག་གི་ཐོག་གསུང་འདུག
གསར་འགོད་པ་ངག་དབང་ཆོས་འཕེལ།