བལ་ཡུལ་ནང་རྒྱལ་པོ་རིང་ལུགས་སྲིད་གཞུང་མེད་པ་བཟོས་སྐོར།
2008.05.29
༄༅༎བལ་ཡུལ་ནང་རྒྱལ་པོ་རིང་ལུགས་སྲིད་གཞུང་མེད་པ་བཟོས་ནས་སྤྱི་མཐུན་རྒྱལ་ཁབ་ཅིག་ཆགས་ཡོད་པ་རེད། དེ་ཡང་བརྒྱ་ཆ་དགུ་ཅུ་ཧིན་རྡུ་ཆོས་བྱེད་པ་དང་དེ་མིན་ནང་པ་དང་ཁ་ཆེ་སྤྱི་ཚོགས་ཡོད་པའི་བལ་ཡུལ་མི་འབོར་ས་ཡ་ཉེན་བརྒྱད་ལྷག་ཙམ་ཡོད་པའི་རྒྱལ་ཁབ་ནང་ལོ་ཉིས་བརྒྱ་བཞི་ཅུའི་རྒྱལ་པོས་སྲིད་དབང་བཟུང་པའི་ལམ་ལུགས་དེ་གཟའ་ལྷག་པ་ཉིན་རྩ་ཁྲིམས་གསར་བཟོའི་འོས་བསྡུའི་སྒོ་ནས་མེད་པ་བཟོས་ཡོད་པ་མ་ཟད་ རྒྱལ་ཁང་ནང་ནས་རྒྱལ་པོ་ཇ་ནན་རྡ་ར་ཁྱིམ་ཚང་དང་བཅས་པ་ཞག་མ་བཅོ་ལྔ་ནང་ཚུད་ཕྱིར་ཐོན་དགོས་པའི་བཀའ་རྒྱ་ཡང་བཏང་ཡོད་པ་རེད།
ཕྱི་ཟླ་བཞིའི་ནང་བལ་ཡུལ་རྒྱལ་ཡོངས་སུ་འོས་བསྡུ་ནང་རྒྱལ་ཁ་ཆེན་པོ་ཐོབ་པའི་མའོ་ཤོག་ཁག་གིས་རྒྱལ་པོ་རིང་ལུགས་མེད་པ་བཟོ་བའི་གནད་དོན་དེ་དགོས་དོན་དང་འཐབ་རྩོད་གཙོ་བོ་དེ་ཡིན་པ་རེད། གཟའ་ལྷག་པ་ཉིན་འོས་བསྡུ་ཐག་གཅོད་ཐོག་ད་ལྟའི་རྒྱལ་པོ་ཇ་ནན་རྡ་རས་འགྲེལ་བརྗོད་སོགས་བཀའ་མོལ་ད་ལྟའ་འཆར་ཅི་ཡང་གནང་མེད་ཅིང་ གསར་ཤོག་ཁག་གི་ནང་རྒྱལ་པོ་རིང་ལུགས་མེད་པ་བཟོས་སྟེ་སྤྱི་མཐུན་རྒྱལ་ཁབ་ཅིག་ཏུ་གྱུར་པ་དེ་ནི་ལོ་རྒྱུས་ལྡན་པ་དང་གོམ་པ་མདུན་ཕྱོགས་སུ་ཡིན་པ་ངོས་འཛིན་བྱས་ཡོད་པ་རེད། བལ་ཡུལ་ནི་འཛམ་གླིང་ནང་རྒྱལ་ཁབ་སྐྱོ་ཤོས་ཞིག་ཡིན་པའི་ད་ཆ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་གསར་པ་དེ་ཕལ་ཆེར་མའོ་ཤོག་ཁག་གིས་གཞུང་བསྐྱངས་རྒྱུ་ཡིན་པ་རེད།