བལ་ཡུལ་དུ་རྩ་ཁྲིམས་བསྐྱར་བཅོས་ལས་དོན་ཚགས་ཚུད་མེད་སྐོར།
2012.05.23
༄༅༎རྒྱལ་པོས་སྲིད་དབང་སྐྱོང་པའི་ལམ་ལུགས་མཇུག་བསྒྲིལ་གྱིས་འོས་བསྡུ་བྱས་ནས་ལོ་བཞི་ཕྱིན་ཚར་བའི་རྗེས་སུའང༌། བལ་ཡུལ་གྱི་གྲོས་ཚོགས་འཐུས་མི་ཚོས་ཡུལ་གྱི་རྩ་ཁྲིམས་བསྐྱར་བཅོས་ཀྱི་ལས་དོན་ཚགས་ཚུད་ལྡན་པ་ཞིག་ཡོང་གི་མེད་པར་རྒྱལ་ཁབ་ནང་ཞི་བདེ་སྲ་བརྟན་ཡོང་མིན་དོགས་གཞིའི་རང་བཞིན་དུ་གྱུར་ཡོད་པ་རེད།
བལ་ཡུལ་གྱི་འཕྲལ་སེལ་རྩ་་ཁྲིམས་ཀྱི་དུས་ཚོད་ཟླ་བ་འདིའི་ཚེས་༢༧ཉིན་ཡོལ་གྱི་ཡོད་ནའང༌། ཧི་མ་ལ་ཡའི་དབུལ་ཕོངས་རྒྱལ་ཁབ་དེའི་ཆབ་སྲིད་སྐྱོང་བའི་ལམ་ལུགས་གསར་བཟོའི་འཆར་གཞིའི་ཐོག་གྲོས་ཚོགས་འཐུས་མིའི་དབར་ཕན་ཚུན་བསམ་ཚུལ་མི་་མཐུན་པའི་འགལ་ཟླ་ཆེན་པོ་ཡོད་བཞིན་པ་རེད། ཆབ་སྲིད་ཐོག་དཔྱད་ཞིབ་གནང་མཁན་ཡུབ་རཇ་གིམི་རེ་ཡིས་ གལ་ཏེ་རྩ་ཁྲིམས་གསར་པ་དེ་གཞུང་འབྲེལ་གསལ་བསྒྲགས་གནང་བ་ཡིན་ན། དེར་ཁས་ལེན་མི་བྱེད་མཁན་མི་མང་དང་ཚོགས་པ་མང་པོ་ཞིག་ཡོང་རྒྱུ་ཡིན་པ་དང༌། དེ་ལྟར་ཡོང་དགོས་དོན་ནི། ཆབ་སྲིད་ཚོགས་པ་ཆེ་ཁག་གསུམ་གྱི་འགོ་ཁྲིད་ཚོས་ མི་མང་དང་གྲོས་ཚོགས་གཉིས་ལ་རྩིས་མེད་བཏང་ནས་བཅའ་ཁྲིམས་ཀྱི་འབྲུ་དོན་ཁག་གསར་བཟོ་བྱས་ཡོད་སྐོར་གསུངས་བཞག།
བལ་ཡུལ་ནང་ཞི་བདེ་ཡོང་ཐབས་ལ་འགོག་རྐྱེན་གཙོ་བོ་བཟོ་མཁན་མའོ་ཚོགས་པའི་འཇབ་དམག་ཟུར་པ་ཚོ་ཕྱི་ཟླ་༢པའི་ནང་ བལ་ཡུལ་གཞུང་གི་སྲུང་སྐྱོབ་དཔུང་སྡེའི་ནང་བཅུགས་ནས་ཁོང་ཚོའི་དཀའ་ངལ་སེལ་ཐབས་བྱས་ཡོད།
དབུས་གཞུང་གི་དབང་ཚད་ཆ་བགོས་བཏང་ནས་དེ་སྔོན་གྲངས་ཉུང་མི་རིགས་སུ་རྩིས་སའི་ས་ཁུལ་ཁག་སོ་སོར་འཛིན་སྐྱོང་གྱི་དབང་ཚད་སྤྲོད་རྒྱུའི་འཆར་གཞི་དེའི་ཐད་བལ་ཡུལ་གྱི་ཁྲིམས་བཟོ་པ་ཚོའི་ནང་བསམ་ཚུལ་མི་་མཐུན་པ་ཆེན་པོ་ཡོད་ཅིང༌། སྐབས་རེ་གྲངས་ཉུང་མི་རིགས་ལ་འཛིན་སྐྱོང་གྱི་དབང་ཚད་སྤྲོད་རྒྱུའི་གནད་དོན་ཐོག་ཟིང་འཁྲུག་ཡང་ལངས་ཀྱི་་ཡོད་པ་རེད།
བདུན་ཕྲག་འདིའི་ནང་བལ་ཡུལ་གྱི་རྒྱལ་ས་ཀཐ་མན་དྲུའི་ཉེ་འཁོར་དང་གྲོང་ཁྱེར་པོཀ་རའ་གཉིས་ནང་མང་ཚོགས་ཀྱིས་ངོ་རྒོལ་བྱེད་སྐབས་ མི་གྲངས་༧༠ལྷག་འཛིན་བཟུང་བྱས་ཡོད་པ་རེད། དེ་བཞིན་བལ་ཡུལ་གྱི་ཐག་རིང་ས་གནས་ཁག་གི་ནང་མང་ཚོགས་ཀྱིས་མངའ་ཁུལ་ཁ་ཐོར་གཏོང་རྒྱུ་མིན་པའི་དགོས་འདུན་སྟོན་ནས་རྔམ་སྟོན་ཁྲིམས་སྐོར་བྱས་ཡོད་ནའང༌། ས་གནས་འགའ་ཤས་ནང་གྲངས་ཉུང་མི་རིགས་ལ་ས་གནས་རང་སྐྱོང་གི་གནས་བབ་དགོས་པའི་དགོས་འདུན་ཡང་བཏོན་བཞིན་པ་རེད།