བལ་ཡུལ་དུ་འཛིན་བཟུང་བྱས་པའི་བོད་མིའི་གནས་སྟངས།
2012.01.16
༄༅༎ཉེ་ཆར་རྒྱ་གར་ནས་བལ་ཡུལ་ཕྱོགས་སུ་འགྲུལ་འཁོར་ནང་བསྐྱོད་མཁན་བོད་མི་༡༡༤ལྷག་ཙམ་འཛིན་བཟུང་བྱས་པ་རྣམས་ལ། དེ་རིང་བལ་ཡུལ་གཞུང་གིས་ཉིན་གསུམ་ནང་བོད་ལ་ཕྱིར་ལོག་བྱེད་དགོས་པའི་དུས་ཚོད་སྤྲད་འདུག།
བདུན་ཕྲག་སྔོན་མའི་རེས་གཟའ་པ་སངས་ཉིན་བལ་ཡུལ་གྱི་ས་མཚམས་ཐང་ཀོཊ་ལ་རྒྱ་གར་ནས་བལ་ཡུལ་ཕྱོགས་སུ་སྤྱི་སྤྱོད་སྣུམ་འཁོར་ནང་འགྲུལ་བསྐྱོད་བྱེད་མཁན་བོད་མི་མང་པོ་ཞིག་བལ་པོའི་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པ་དང༌། རེས་གཟའ་སྤེན་པའི་ཉིན་གསར་ལམ་ཁག་གི་བཏོན་པའི་གནས་ཚུལ་ནང༌། བོད་མི་བརྒྱ་ལྷག་ཡོད་པ་དེ་རྣམས་བལ་ཡུལ་གྱི་ཕྱི་མི་གཞིས་ཆགས་ལས་ཁུངས་ལ་རྩིས་སྤྲོད་བྱས་ཡོད་པ་དང༌། བོད་མི་དེ་དག་རྣམས་ཀྱིས་ཉིན་གསུམ་ནང་བལ་ཡུལ་ནས་བོད་ཕྱོགས་སུ་ཐོན་བསྐྱོད་བྱ་རྒྱུའི་ཁས་ལེན་བྱས་རྗེས་ཚང་མ་གློད་བཀྲོལ་བཏང་ཡོད་པ་རེད། རྒྱ་གར་ལ་དུས་འཁོར་དབང་ཆེན་ཞུས་ནས་བོད་ལ་བལ་ཡུལ་བརྒྱུད་ཕྱིར་ལོག་གནང་མཁན་བོད་མི་དེ་ཚོ་ཁག་ཅིག་ལ་བལ་ཡུལ་ནང་ཕྱི་ཟླ་༢པའི་བར་སྡོད་ཆོག་པའི་ཐོངས་མཆན་ཡོད་ནའང༌། བལ་ཡུལ་གཞུང་གིས་ཐོངས་མཆན་ཡོད་མེད་ལ་མ་ལྟོས་པར་ཉིན་གྲངས་གསུམ་ནང་ཕྱིར་ལོག་བྱེད་དགོས་པའི་བཀའ་བཏང་འདུག། བོད་མི་དེ་རྣམས་ས་མཚམས་སུ་འཛིན་བཟུང་བྱེད་པ་དེ་ནི། རྒྱ་ནག་གི་སྲིད་བློན་ ལྦེན་ཅ་པའོ་རེས་གཟའ་སྤེན་པའི་ཉིན་བལ་ཡུལ་དུ་ཆུ་ཚོད་ལྔ་རིང་གཞུང་དོན་ཕྱོགས་སྐྱོད་བྱེད་བར་འབྱོར་བའི་ཆུ་ཚོད་འགའ་ཤས་སྔོན་ཡིན་པ་རེད།