བལ་ཡུལ་གཞུང་དང་དྲག་འཐབ་ཚོགས་པའི་བར་གྲོས་མཐུན་བཞག་ཡོད་པ།
2012.02.25
༄༅༎བལ་ཡུལ་གཞུང་དང་ལྷོ་ཕྱོགས་ཀྲེ་རའེ་ཁུལ་གྱི་དྲག་འཐབ་ཚོགས་པ་ཀྲེ་རའེ་མུཀ་ཏི་མོར་ཆ་(Terai Mukti Morcha Party)ཞེས་པ་གཉིས་དབར་གྲོས་མཐུན་དོན་ཚན་དྲུག་ཅན་ཞིག་གནས་མཆོག་ལུམ་སྦྷི་ཎི་རུ་འཇོག་ཐུབ་འདུག གྲོས་མཐུན་ནང་དོན་གཙོ་བོ་ནི། འབྱུང་འགྱུར་གཞུང་དང་དྲག་འཐབ་ཚོགས་པ་དེའི་དབར་གྲོས་མོལ་ཐེངས་གཉིས་པ་གྲུབ་མཚམས་དྲག་འཐབ་ཚོགས་པས་གཞུང་ལ་གོ་མཚོན་ཡོངས་རྫོགས་རྩིས་སྤྲོད་བྱ་རྒྱུ་མ་ཟད། ཁྲིམས་འགལ་བྱ་སྤྱོད་རིགས་མཚམས་འཇོག་བྱ་རྒྱུ་དང༌། བལ་ཡུལ་གཞུང་གིས་ཀྲེ་རའེ་མུཀ་ཏི་མོར་ཆ་ཞེས་པའི་དྲག་འཐབ་ཚོགས་པའི་འགོ་ཁྲིད་དང་ཚོགས་མི་གཞུང་གི་བཙོན་ཁང་ཁག་ཏུ་ཡོད་པ་ཡོངས་རྫོགས་འཕྲལ་མར་གློད་འགྲོལ་གཏོང་རྒྱུ་མ་ཟད། དྲག་འཐབ་པ་དེ་དག་གི་བདེ་འཇགས་སྲུང་སྐྱོབ་འགན་ཁུར་གཞུང་གིས་བྱ་རྒྱུའི་ཁས་ལེན་གནང་ཡོད་པ་རེད། ཀྲེ་རའེ་མུཀ་ཏི་མོར་ཆ ཞེས་པའི་དྲག་འཐབ་ཚོགས་པའི་ཚོགས་གཙོ་བ་གཏ་སིང་གིས་བལ་ཡུལ་གཞུང་གིས་རྩ་ཁྲིམས་ལ་བརྩི་བཀུར་དང་ཞི་བདེ་བག་ཕེབས་ངང་གནས་སྡོད་བྱ་འདུན་ཡོད་པའི་སྐོར་ཁོང་གི་མགྲིན་ཚབ་པས་གསལ་བཤད་གནང་འདུག
ད་ལམ་གྱི་གྲོས་མོལ་འདིའི་བལ་ཡུལ་གཞུང་གི་ཞི་འགྲིག་དང་འགྲིག་འཛུགས་ལྷན་ཁང་གི་བློན་ཆེན་སཏ་ཡ་པ་ཧ་ཌི་བཞུགས་གནང་ཡོད་པ་དང་། ཀྲེ་རའེ་མུཀ་ཏི་མོར་ཆ ཞེས་པའི་དྲག་འཐབ་ཚོགས་པའི་ཚོགས་གཞོན་པཱར་ལའརྡ་མ་ཧ་ར་བཞུགས་གནང་ཡོད་པ་རེད། ཀྲེ་རའེ་མུཀ་ཏི་མོར་ཆ་ཞེས་པའི་དྲག་འཐབ་ཚོགས་པས་བལ་ཡུལ་གཞུང་ལ་དགོས་འདུན་དོན་ཚན་ཉི་ཤུ་རྩ་ལྔ་ཅན་ཞིག་འབུལ་ལམ་ཞུས་ཡོད་ཅིང་། དགོས་འདུན་གཙོ་བོ་ནི། ཚོགས་པ་དེའི་འགོ་ཁྲིད་དང་ཚོགས་མི་སོགས་བཙོན་ཁང་ནང་ཡོད་པ་རྣམས་བཙོན་གྲོལ་གཏོང་དགོས་པ་དང༌། དེ་དག་གི་སྲུང་སྐྱོབ་འགན་ཁུར་གཞུང་གིས་གནང་དགོས་པ་། དེ་བཞིན་འབྱུང་འགྱུར་སྔོན་གྱི་ཁྲིམས་འགལ་བྱ་སྤྱོད་བྱུང་རིགས་ལ་གཞུང་གིས་ཁྲིམས་གཤེར་བྱ་རྒྱུ་མིན་སོགས་འཁོད་ཡོད་པ་རེད།