བལ་ཡུལ་རྒྱལ་ཁབ་ནང་སྲུང་སྐྱོབ་ཡར་རྒྱས་གཏང་འཆར།
2009.08.23
༄༅༎བལ་ཡུལ་ནང་དམིགས་བསལ་སྲུང་སྐྱོབ་སྲིད་བྱུས་ངེས་པར་དུ་ལག་བསྟར་གནང་རྒྱུ་ཡིན་ལུགས་བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྱིས་གསུངས་གནང་འདུག
ནང་སྲིད་བློན་ཆེན་མཆོག་གིས་འཇིགས་ཞུམ་མེད་པར་སྲིད་བྱུས་ལག་བསྟར་དོན་འཁྱོལ་བྱ་རྒྱུར་གྲ་སྒྲིག་བྱེད་དགོས་པའི་ཁུངས་སོ་སོར་བཀོད་ཁྱབ་བཏང་བ་མ་ཟད་དམིགས་བསལ་སྲུང་སྐྱོབ་ཀྱི་སྲིད་བྱུས་དེ་ནི་ཁྲིམས་འགལ་ཇག་ཚོགས་རྩ་མེད་གཏོང་རྒྱུར་དམིགས་པ་ཡིན་ལུགས་འགྲེལ་བརྗོད་གནང་འདུག ཅི་སྟེ་སྲིད་དོན་ཚོགས་པ་གང་རུང་གིས་མི་ངན་ཁྲིམས་འགལ་བ་ཚོར་བཏང་འཛིན་བྱེད་རྒྱུར་འགོག་རྐྱེན་བཟོ་གི་འདུག་ན་ནང་སྲིད་བློན་ཆེན་ལ་སྙན་སེང་དགོས་ལུགས་དང་ཡན་པོར་མ་སོང་བར་དམ་པོས་དམ་འཛིན་དང་ཁྲིམས་འོག་ཏུ་བཅུག་རྒྱུ་ཡིན་ལུགས་སོགས་འགྲེལ་བརྗོད་གནང་འདུག ཉེ་ལམ་བལ་ཡུལ་གཞུང་གིས་ཞིབ་བཤེར་གནང་བའི་རྗེས་སུ་ཤེས་རྟོགས་བྱུང་དོན་ལ་བལ་ཡུལ་ནང་ཉུང་མཐར་ཚོགས་སྡེ་ཆུང་ངུ་བརྒྱ་དང་དགུ་ཙམ་ཡོད་པ་ནས་གནད་དོན་ཆུང་ངུར་བསྙད་དེ་ལས་བྱེད་པས་ལས་མཚམས་འཇོག་པ་དང་འགྲིམ་འགྲུལ་བཀག་སྡོམ་བྱེད་པ་སོགས་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་གནོད་པ་དང་ཡུལ་མིར་དགོས་མེད་དཀའ་རྙོག་བཟོ་གི་ཡོད་ཅིང་ཡང་གྲངས་ཉུང་མི་རིགས་ཀྱི་བདེ་དོན་རྩོད་ཁུལ་བྱས་ཏེ་མི་རིགས་ནང་ཁུལ་འཁོན་འཁྲུགས་བཟོ་ཡོད་པས་ད་ནས་ཚོགས་པ་ཆུང་ངུ་དེ་དག་གིས་ཁྲིམས་འགལ་བྱས་མ་ཐག་ཁྲིམས་གཅོད་དང་སྟངས་འཛིན་བྱ་རྒྱུའི་གསལ་བསྒྲགས་གནང་འདུག གང་ལྟར་བལ་ཡུལ་ནང་སྲིད་བློན་ལྷན་ཁང་གི་འགན་ཁུར་བ་ཡོངས་རྫོགས་དང་ཉེན་རྟོག་པ་སྤྱི་ཁྱབ་པ་སོགས་ཉིན་གཉིས་རིང་ལྷན་ཚོགས་གནང་སྟེ་བལ་ཡུལ་ནང་གནད་དོན་ཆུང་ངུར་བསྙད་དེ་ངོ་རྒོལ་དང་ལས་དོན་མཚམས་འཇོག་ཡང་ཡང་ཡོང་གི་ཡོད་པ་འགོག་ཐབས་དང་ཁྲིམས་ཀྱི་དབང་བསྒྱུར་བྱེད་ཕྱོགས་ཀྱི་གོ་བསྡུར་སྦྱང་བཤད་གནང་ཡོད་པ་རེད༎