བལ་ཡུལ་ནང་ཆབ་སྲིད་ཀྱི་དཀའ་རྙོག་ཆེན་པོ་འཕྲད་སྲིད་པ།

བལ་ཡུལ་གྱི་རྩ་ཁྲིམས་གསར་བཟོའི་དུས་བཀག་ཐོག་ལས་དོན་སྤེལ་མ་ཐུབ་པ་ཡིན་ཚེ་བལ་ཡུལ་ནང་གི་ཆབ་སྲིད་ཀྱི་ཐོག་ལ་དཀའ་རྙོག་འཕྲད་སྲིད།

2010.05.14

༄༅༎བལ་ཡུལ་གྱི་རྩ་ཁྲིམས་གསར་བཟོའི་དུས་བཀག་ཟིན་འགྲོ་ཡོད་པར་བརྟེན་ནས་རྩ་ཁྲིམས་གསར་བཟོའི་དུས་བཀག་ཐོག་ལས་དོན་སྤེལ་མ་ཐུབ་པ་ཡིན་ཚེ་བལ་ཡུལ་ནང་གི་ཆབ་སྲིད་ཀྱི་ཐོག་ལ་དཀའ་རྙོག་འཕྲད་རྒྱུའི་ཉེན་ཁ་ཆེན་པོའི་དུས་ལ་བཅར་བཞིན་ཡོད་པ་རེད།

དེ་རིང་ཨེ་པི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བའི་ནང༌། ཟླ་བ་འདིའི་ཕྱི་ཚེས་༢༨ ཉིན་རྩ་ཁྲིམས་ཀྱི་ཐོག་ནས་བལ་ཡུལ་གཞུང་འཛིན་བྱེད་པའི་དུས་བཀག་གི་ཉིན་མོ་ཡིན་པ་བརྟེན་ནས་དུས་བཀག་དེར་རྩ་ཁྲིམས་གསར་པ་བཟོ་མི་ཐུབ་པ་དང་ཡང་ན་དུས་བཀག་དེ་དུས་འགྱངས་བྱེད་མི་ཐུབ་པ་ཡིན་ཚེ་རྩ་ཁྲིམས་ཀྱིས་རྒྱལ་ཁབ་སྐྱོང་བཞིན་པའི་གཞུང་འཛིན་ཀྱི་དུས་ཚོད་ཡོལ་ཟིན་པ་མ་ཟད། ཆབ་སྲིད་ཀྱི་རྙོག་ཕྲ་དང་ཟིང་ཆའི་དོན་རྐྱེན་འཕྲད་རྒྱུ་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་ཅིང༌། དེའི་རྒྱུ་མཚན་ནི་རྩ་ཁྲིམས་གསར་བཟོའི་དུས་ཚོད་ཉེ་བར་སླེབས་ཡོད་པའི་ཁར་བལ་ཡུལ་གྱི་གྲོས་ཚོགས་ནང་འཐུས་མི་མང་བའི་དབང་ཆ་འཛིན་བཞིན་པའི་མའོ་གྱེན་ལོག་ཤོག་ཁག་གིས་ད་ལྟའི་བལ་ཡུལ་གྱི་སྲིད་བློན་མ་རྡལྦ་ཀུ་མའར་ནེ་པལ་དགོངས་ཞུ་བྱེད་དགོས་པ་དང། གཞུང་ཕྱིར་བསྡུ་བྱས་ཏེ་མའོ་གྱེན་ལོག་ཤོག་ཁག་མཉམ་ཞུགས་བྱས་པའི་གཞུང་གསར་པ་བཙུགས་དགོས་པའི་དགོས་འདུན་བཏོན་པའི་ངོ་རྒོལ་ལས་འགུལ་སྤེལ་བ་མ་ཟད། རྒྱལ་ས་ཀ་ཐ་མན་གྲུའི་ནང་སློབ་གྲ་དང་ཚོང་ཁང། ལས་ཁུངས་སོགས་ཚོང་ལས་ཡང་སེ་སྒོ་རྒྱབ་བཅུག་སྟེ་ཁོང་ཚོའི་དགོས་འདུན་ཁག་གཞུང་གིས་དང་ལེན་མ་བྱས་བར་ལས་འགུལ་སྤེལ་རྒྱུའི་ཉེན་བརྡ་གཏོང་གི་ཡོད་པ་སོགས་བལ་ཡུལ་གྱི་གནས་སྟངས་ཛ་དྲག་ཏུ་འགྱུར་ཡོད་པ་རེད། བལ་ཡུལ་གྱི་ཁྲིམས་ཀྱི་བློན་ཆེན་པེ་རེམ་སྦ་ཧ་རྡུར་སིང་གིས། སྲིད་བློན་མཆོག་གིས་ཆབ་སྲིད་ཚོགས་པ་ཁག་གི་འགོ་ཁྲིད་དང་ལྷན་དུ་དཀའ་ངལ་སེལ་ཐབས་ཀྱི་གྲོས་མོལ་གནང་བཞིན་ཡོད་ནའང་སྲིད་བློན་རང་ཉིད་ལས་གནས་ནས་དགོངས་ཞུ་གནང་འཆར་མེད་ལུགས་གསུངས་ཡོད་པ་རེད། གྲོས་ཚོགས་ཚོགས་རྒྱུའི་དུས་བཀག་དུས་འགྱངས་བྱེད་རྒྱུའི་ཐབས་ཤེས་གཞན་མེད་པའི་ཁར་གལ་ཏེ་དུས་བཀག་ནང་ལས་དོན་སྤེལ་ཐུབ་པ་ཡིན་ནའང་རྒྱལ་ཁབ་ཀྱི་གནས་སྟངས་གང་འདྲ་ཞིག་ཡོང་མིན་གསལ་པོ་མེད་པར་བརྟེན་རྒྱལ་ཁབ་དཀའ་རྙོག་ཐོག་ལྷུང་རྒྱུ་ཡིན་པ་གསུངས་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎