འཛམ་གླིང་ཁྲོད་སེམས་ཅན་སྡེབ་གསོད་ཆེ་ཤོས་ཀྱི་དམར་མཆོད།
2014.12.02
རྒྱ་གར་གཞུང་གིས་བལ་ཡུལ་གྱི་དམར་མཆོད་ཆེད་སེམས་ཅན་ཕྱིར་ཚོང་གི་ཐོག་དམ་དྲག་གི་ཁྲིམས་གཞིས་སེམས་ཅན་སྡེབ་གསོད་ཅུང་ཉུང་དུ་ཕྱིན་ཡོད་འདུག
དེ་ཡང་བལ་ཡུལ་ནང་ལྷ་མོ་Gadhimaiལ་དམར་ཟས་ཀྱི་མཆོད་པའི་ཆེད་དུ་ལོ་འཁོར་གྱི་དུས་ཆེན་རིང་། བལ་ཡུལ་ནང་སེམས་ཅན་ཆེ་ཆུང་ཁྲི་གཉིས་ཙམ་དམར་གསོད་གཏོང་སྲོལ་ཡོད་ཅིང་དམར་མཆོད་ཀྱི་བྱེད་སྒོའི་ནང་རྒྱ་གར་ནས་མ་ཧེ་དང་། ར་ལུག བྱ་སོགས་སྟོང་ཕྲག་མང་པོ་དམར་བསད་བཏང་ནས་ཧིན་རྡུའི་ནུས་སྟོབས་ཀྱི་ལྷ་མོGadhimaiལ་ཟླ་༡༡པའི་༢༩དང་༣༠ཉིན་གཉིས་ཀྱི་རིང་དམར་བསད་བཏང་ནས་དམར་མཆོད་བྱས་ཡོད་པ་རེད། ཕྱི་ལོ་༢༠༠༩ལ་ཚད་འཛིན་བྱས་པ་ཡིན་ན་སེམས་ཅན་འབུམ་གསུམ་ཙམ་རྒྱ་གར་དང་བལ་ཡུལ་གྱི་ས་མཚམས་ཀྱི་གྲོང་གསེབ་bariyapurདུ་དམར་གསོད་བཏང་ནས་དམར་མཆོད་བྱས་ཡོད་པ་དང་། སེམས་ཅན་དེ་ཚོ་མང་ཆེ་བ་རྒྱ་གར་ནས་ཕྱིར་བཙོང་གིས་བལ་ཡུལ་དུ་དམར་མཆོད་ཀྱི་ཆེད་དུ་དབོར་འདྲེན་བྱས་ནས་ཡོང་བ་ཡིན་འདུག འོན་ཀྱང་འདི་ལོ་རྒྱ་གར་གྱི་ཆེས་མཐོའི་ཁྲིམས་ཁང་གིས་དམར་མཆོད་ཀྱི་ཆེད་སེམས་ཅན་ཕྱིར་ཚོང་བཀག་འགོག་གི་ཁྲིམས་གཞི་གཏན་འབེབས་གནང་ཡོད་ཅིང་། ཁྲིམས་གཞི་དེ་ལག་ལེན་བསྟར་བར་རྒྱ་གར་དང་བལ་ཡུལ་གྱི་ས་མཚམས་སུ་ཉེན་རྟོག་དམག་མིས་བལྟ་སྲུང་བསྐོར་བསྐྱོད་བྱས་ནས་དམར་མཆོད་ཀྱི་ཆེད་དུ་སེམས་ཅན་དབོར་འདྲེན་བྱེད་མཁན་མང་པོ་འཛིན་བཟུང་བྱས་ཡོད་པ་རེད་འདུག བལ་ཡུལ་གྱི་དུད་འགྲོའི་བདེ་དོན་དྲ་བའི་ཚོགས་གཙོ་Manoj Gautamགྱིས་དམར་མཆོད་ཀྱི་ཆེད་དུ་དུད་འགྲོ་སེམས་ཅན་དམར་གསོད་བྱེད་རྒྱུ་ཡོངས་སུ་འགོག་ཐུབ་པའི་དམིགས་ཡུལ་འཛིན་གྱི་ཡོད་སྐོར་གསུངས་འདུག
ལོ་རྒྱུས་ནང་གསལ་ལྟར་ན། བལ་ཡུལ་གྱི་དམར་མཆོད་ཆེན་མོ་དེ་ནི་སྔོན་ལོ་ངོ་བརྒྱ་ཕྲག་མང་པོའི་སྔོན། Bariyapur གྲོང་གསེབ་ཁུལ་གྱི་བཙོན་ཁང་ནང་གི་བཙོན་པ་ཞིག་གི་རྨི་ལམ་ནང་ལྷ་མོ་Gadhimaiཕེབས་ནས། ཁོ་བོ་བཙོན་ལས་ཐར་བར་ལྷ་མོའི་ཆེད་དུ་ལྷ་ཁང་ཅིག་བཞེངས་རྒྱུ་ཁས་ལེན་ཐུབ་ན་སང་ཉིན་རང་བཙོན་ལས་ཐར་བར་བྱེད་དོ་ཞེས་བའི་རྨི་ལམ་རྨིས་པ་དང་། རྨི་ལམ་རྗེས་ཁོ་བོ་གཉིས་ལས་སད་དུས་ལུས་ཀྱི་ལྕགས་ཐག་རང་བཞིན་གྱིས་དཀྲོལ་བ་དང་། བཙོན་ནས་དཀའ་ངལ་མེད་པར་ཐར་བའི་རྗེས་སུ་ཁོས་ས་གནས་དེར་ལྷ་ཁང་བཞེངས་ནས་ལྷ་མོ་Gadhimaiལ་དམར་མཆོད་བྱེད་པའི་ལུགས་སྲོལ་དེ་དར་བ་བཤད་སྲོལ་ཡོད་པ་རེད།
དེ་ལྟར་བལ་ཡུལ་ནང་ལོ་ལྔ་རེའི་མཚམས་སུ་ལྷ་མོ་གྷ་ངྡི་མཱ་ཡི་དུས་མཆོད་ཕུལ་སྲོལ་ཡོད་པ་ལྟར། སེམས་ཅན་ཁྲི་ཕྲག་མང་པོ་སྡེབ་གསོད་བཏང་བའི་མཆོད་འབུལ་དུས་ཆེན་དེ་ནི་འཛམ་གླིང་ཐོག་དུད་འགྲོ་སྡེབ་གསོད་ཆེ་ཤོས་ཤིག་ཆགས་ཡོད་འདུག
གསར་འགོད་པ་ཀརྨ་རྡོ་རྗེ།