བལ་ཡུལ་གྱི་སྲིད་བློན་ཟུར་པ་དགོངས་པ་རྫོགས་ཡོད་པ།
2010.03.20
༄༅༎བལ་ཡུལ་གྱི་སྲིད་བློན་ཟུར་པ་གིར་ཇ་པར་སའ་རྡི་ཀོའེ་རེ་ལ་མཆོག་རེས་གཟའ་སྤེན་པའི་ཉིན་དབུགས་གཏོང་ལེན་གྱི་དཀའ་ངལ་བྱུང་སྟེ་དགོངས་པ་རྫོགས་འདུག ཁོང་ནི་དགུང་གྲངས་༨༥་ལོ་ཕེབས་ཡོད་ཅིང་། བལ་ཡུལ་མི་མང་སྟོང་ཕྲག་མང་པོ་ཁོང་གི་གཤིམ་ཤག་མདུན་དུ་མྱ་ངན་གུས་བཏུད་ཞུ་ཆེད་འདུ་འཛོམས་བྱུང་འདུག
རྒྱ་གར་གྱིས་དབུ་ཁྲིད་འདས་པོ་དེ་ནི་བལ་ཡུལ་ལ་མ་ནོར་ལམ་སྟོན་མཛད་པོ་དབུ་ཁྲིད་རྣམ་དཔྱོད་ལྡན་པ་ཞིག་ཡིན་པར་འགྲེལ་བརྗོད་གནང་ཡོད་ཅིང་། ཚེ་འདས་ཀོའེ་རེ་ལ་མཆོག་ནི། བལ་ཡུལ་གྱི་ཆབ་སྲིད་ལོ་རྒྱུས་ཀྱི་འགག་རྩ་མཉན་འཕྲང་གི་དུས་སུ་ལམ་ཡང་དག་ལ་འཁྲིད་མཁན་མི་མང་གི་དབུ་ཁྲིད་དང་སྲིད་སྐྱོང་མི་སྣ་ཞིག་ཡིན་པ་རེད་ཅེས་རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིང་མཆོག་གིས་འགྲེལ་བརྗོད་གནང་འདུག
ཁོང་དགོངས་པ་རྫོིགས་པ་ནི་བལ་ཡུལ་གྱི་ཆབ་སྲིད་ཀྱི་དུས་རབས་ཤིག་རྫོགས་པ་མཚོན་ཐུབ་ཀྱི་རེད་ཅེས་རྒྱ་གར་གྱི་སྲིད་བློན་གྱིས་འགྲེལ་བརྗོད་གནང་ཡོད་པ་རེད། ཕྱི་ལོ་༢༠༠༦་ལོར་བལ་ཡུལ་གཞུང་དང་མའོའི་དམར་ཤོག་ཚོགས་པའི་དབར་ཞི་བའི་གྲོས་མཐུན་འཇོག་གནང་ཐུབ་སྟེ་བལ་ཡུལ་ནང་མའོའི་དམར་ཤོག་ཚོགས་པའི་དྲག་པོའི་ལས་འགུལ་ད་བར་མཚམས་འཇོག་ཐུབ་པའི་ལས་དོན་འགྲུབ་ཡོད་པ་རེད།
མའོའི་དམར་ཤོག་ཚོགས་པའི་དྲག་པོའི་ལས་འགུལ་ནང་ཉུང་མཐར་མི་གྲངས་ཆིག་ཁྲི་དྲུག་སྟོིང་གི་ཚེ་སྲོག་འཕྲོག་ཡོད་པའི་ཚོད་དཔག་གནང་གི་ཡོད་པ་མ་ཟད། མི་མང་མང་པོ་ད་དུང་བརྩད་གཅོད་མ་ཐུབ་པར་གར་སོང་ཆ་མེད་དུ་འགྱུར་ཡོད་པ་རེད། བལ་ཡུལ་རྒྱལ་པོི་བཅས་པའི་སྐུ་འཁོར་མི་གྲངས་བཅུ་རྐྱེན་ལམ་དུ་བཏང་བའི་རྐྱེན་ངན་བྱུང་སྐབས་ཀོའེ་རེ་ལ་མཆོག་སྲིད་བློན་འགན་ཁུར་འོག་ཡུལ་གྱི་བརྟན་ལྷིང་སོར་གནས་ཐུབ་པ་གནང་བ་མ་ཟད། འདས་པའི་ལོ་ངོ་༢༠འི་རིང་བལ་ཡུལ་ནང་གཞུང་འཛིན་འཕོ་བསྒྱུར་ཐེངས་བཅོ་བརྒྱད་བྱུང་བའི་སྲིད་དོན་འཁྲུགས་པོ་བྱུང་བའི་དུས་ཡུན་རིང་ཀོའེ་རེ་ལ་མཆོག་ནི་ལྗིད་ཉམས་ལྡན་ཞིང༌། བརྟན་ལྷིང་དང་བསྲ་བརྟན་གྱི་ནུས་པ་ལྡན་པའི་འགོ་ཁྲིད་ཅིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད༎